ཡང་བསྐྱར་མཛོད་དགེ་ནས་ཞུ་གཏུཊ་ངོ་རྒོལ་བ་གཉིས་འཇུ་བཟུང་།


2015.10.14
མཛོད་དགེ་ས་དོན་དང་འབྲེལ་འཇུ་བཟུང་བྱས་བའི་རིན་ཆེན་རྡོ་རྗེ་དང་། མ་རྒྱུག་གཉིས་ཀྱི་ཉེ་པར། མཛོད་དགེ་ས་དོན་དང་འབྲེལ་འཇུ་བཟུང་བྱས་བའི་རིན་ཆེན་རྡོ་རྗེ་དང་། མ་རྒྱུག་གཉིས་ཀྱི་ཉེ་པར།
ཀླུ་འབུམ། བོད་འབྱོར།

ཡང་བསྐྱར་མདོ་སྨད་མཛོད་དགེ་ཐང་སྐོར་གྱི་རྩྭ་སའི་གནད་དོན་ཆེད་ཞུ་གཏུགས་བྱེད་མཁན་བོད་མི་གཉིས་ཉེན་རྟོག་པས་འབོད་འགུག་འཇུ་བཟུང་བྱས་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། སྤྱི་ལོ་༢༠༡༥ལོའི་ཟླ་༡༠ཚེས་༡༤ཉིན་མདོ་སྨད་མཛོད་དགེ་ཐང་སྐོར་ཕྱོགས་གྱི་རྩྭ་སའི་གནད་དོན་ཆེད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་མཁན་བོད་མི་གཉིས་ཉེན་རྟོག་པས་འབོད་འགུག་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཚེས་༡༤ཉིན་གྱི་ཉིན་གུང་ལོ་ན་༦༣ཡིན་པ་རིན་ཆེན་རྡོ་རྗེ་དང་། ལོ་ན་༥༦ཡིན་པའི་མ་རྒྱུག་གཉིས་ཐང་སྐོར་གྲོང་རྡལ་གྱི་ས་གནས་རྒྱ་ནག་གི་ཉེན་རྟོག་པས་སྐད་ཆ་འདྲི་རྒྱུ་ཡོད་ཚུལ་བཤད་ནས་ཉེན་རྟོག་ཁང་ལ་འབོད་འགུག་བྱས་རྗེས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་ངོ་སྤྲོད་བྱས་བྱུང་།  ཡང་བོད་མི་གཞན་ཞིག་གིས་བརྗོད་དོན། ཁོང་གཉིས་བཀག་ཉར་རྗེས་ས་གནས་ཉེན་རྟོག་པས་འབྲེལ་ཡོད་ནང་མིར་འབྲེལ་བ་བྱས་ནས། ཁོང་གཉིས་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་། ད་ལྟ་ཁྱུང་ཆུ་རྫོང་ལ་ཡོད་པས་གྱོན་ཆས་སྐྱེལ་དགོས་ལུགས་ཀྱི་བརྡ་ལན་ཙམ་ལས་འཇུ་བཟུང་བྱེད་དགོས་དོན་སོགས་ཁ་གསལ་བཤད་མེད་པ་བརྗོད་བྱུང་།
ས་གནས་བོད་མི་ཞིག་གིས། རྩྭ་སའི་གནད་དོན་འདི་ནི་རྒྱ་ནག་གཞུང་གི་སྲིད་ཇུས་དང་འབྲེལ་བ་མེད་པར། ས་གནས་སུ་ཡོད་པའི་རྒྱ་ནག་གི་ལས་བྱེད་ཚོས་གང་འདོད་ས་གནས་བོད་མིར་བརྙས་བཅོས་དང་། ལྐོག་ངན་ལྐོག་འབྲེལ་གྱི་བྱ་སྤྱོད་དང་འབྲེལ་བ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་བརྗོད་བྱུང་།
གསར་འགོད་པས་གནས་ཚུལ་རྩད་ཆོད་བྱུང་བ་ལྟར་ན། ཉེ་ལམ་མཛོད་དགེ་ཐང་སྐོར་ཕྱོགས་སུ་ས་གནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་པས་བོད་མིའི་རྩྭ་ས་གཞུང་བཞེས་བཏང་བར་ངོ་རྒོལ་བྱེད་མཁན་བོད་མི་མི་གྲངས་༡༠ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་བའི་ཁྲོད་ནས་། བོད་མི་འཇིགས་སྐྱབས་དང་། ཕུར་སྒུར་གཉིས་མ་གཏོགས་གཞན་ཚོ་ཉིན་གྲངས་ཁ་ཤས་རྗེས་གློད་གྲོལ་བཏང་ཡོད་པ་དང་། དེའི་རྗེས་དེ་རིང་བོད་མི་༢་འཇུ་བཟུང་བྱས་བའི་རྗེས་ད་ལྟ་ཉེན་རྟོག་པའི་བཀག་ཉར་འོག་བོད་མི་མི་གྲངས་༤ཡོད་པ་རེད།
གནས་ཚུལ་འདི་ནི་སྤྱི་ལོ་༢༠༡༡ལོར་ས་གནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་པས་ངན་འབྲེལ་བྱས་ནས། མཛོད་དགེ་རྫོང་ཐང་སྐོར་སྐ་བར་མ་སྡེ་པའི་འབྲོག་ཁྱིམ་དུད་ཚང་༢༠ལྷག་གི་རྩྭ་ས་གཞུང་བཞེས་བཏང་ཞིང་ཁྱིམ་ཚང་གནས་སྤོར་བྱེད་དུ་བཅུག་ཡོད་པ་དང་། དེ་ཚོ་གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་རྒྱུའི་ལས་གཞིའི་ནང་ཚུད་ཡོད་པར་བརྗོད་ཡོད་རུང་། ད་ལྟ་ཡང་གད་སྙིགས་ཁྲོད་ལུས་བསྡད་ཡོད་པ་དང་འཛུགས་སྐྲུན་གྱི་ལས་གཞི་གང་ཡང་གཉེར་མེད་པར་རྩྭ་ས་ཁག་གཅིག་མི་སྒེར་པ་ཁག་ལ་བོགས་མར་བཏང་ཡོད་པར་བརྟེན་ཕྱིས་སུ་འདི་ལོའི་སྤྱི་ཟླ་ལྔ་པའི་ནང་རྩྭ་ས་གཞུང་བཞེས་ཕྱིན་པའི་འབྲོག་པ་ཁྱིམ་ཚང་ཚོས། ས་གནས་མཛོད་དགེ་རྫོང་དང་། ཁུལ་། དེ་བཞིན་ཞིང་ཆེན་རིམ་པར་བདེ་སྡུག་སྙན་སེང་གི་ཞུ་ཡིག་ཕུལ་ནས། རྩྭ་ས་གཞུང་བཞེས་བཏང་བ་ཕྱིར་སྤྲོད་དང་ཡང་ན་གྱོང་གུན་ཁ་གསབ་དགོས་བའི་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎