རྒྱ་གར་ཉེན་རྟོག་པས་སླར་ཡང་བོད་མི་དྲུག་འཛིན་བཟུང་བྱས་འདུག
2019.10.10
མི་རིང་བར་རྒྱ་དཀར་ནག་གི་དབུ་ཁྲིད་གཉིས་ཐུག་འཕྲད་གནང་ཡུལ་ཉེ་འཁྲིས་ནས་བོད་མི་ལས་འགུལ་བ་གཞོན་སྐྱེས་དྲུག་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདི་ཚེས་༡༠་ཉིན། རྒྱ་གར་བྷེང་ལོར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དྲུག་མི་རིང་བར་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིན་གཉིས་ཐུག་འཕྲད་གནང་ཡུལ་རྒྱ་གར་གྱི་ཅི་ནཡི་གྲོང་ཁྱེར་གྱི་ཉེ་འཁྲིས་(Mamallapuram)་ས་གནས་སུ་བསྐྱོད་ནས་བོད་ཀྱི་རྒྱལ་དར་འཁྱེར་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། རྗེས་སུ་ཉེན་རྟོག་པས་ཁོང་ཚོ་འཛིན་བཟུང་བྱས་ནས་ད་ལྟ་བཀག་ཉར་འོག་ཡོད་པ་ངོ་སྤྲོད་གནང་བྱུང་།
མི་རིང་བར་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་གཟིགས་སྐོར་སྐབས་བོད་མི་ཚོའི་ངོ་རྒོལ་ལས་འགུལ་རིགས་སྔོན་འགོག་ཆེད། ཉེ་བའི་ཉིན་ཤས་རིང་རྒྱ་གར་ཉེན་རྟོག་པས་རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ལས་འགུལ་ཚོགས་པའི་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་ཀྱི་གཞོན་ནུའི་ཚོགས་མི་དང་། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས། དགེ་རྒན་ཆེན་མོ་བསྟན་འཛིན་ནོར་བུ་སོགས་གཙོས་སྔ་ཕྱིར་ད་བར་བོད་མི་༡༦་འཛིན་བཟུང་གིས་བཀག་ཉར་བྱས་བསྡད་ཡོད་པ་དང་། འདི་ཚེས་༡༠་ཉིན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་རྒྱ་གར་ཅི་ནཡི་གྲོང་ཁྱེར་ཕྱོགས་སུ་གནས་ཚུལ་མཁོ་སྒྲུབ་ཆེད་བསྐྱོད་སྐབས་མེ་འཁོར་འབབ་ཚུགས་ལ་འབྱོར་མ་ཐག་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ལས་འགུལ་ཚོགས་པས། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་པིང་རྒྱ་གར་དུ་གཟིགས་སྐོར་མ་ཕེབས་པའི་གོང་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། དེ་བཞིན་རྒྱ་གར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་ལ་རྒྱབ་སྐྱོར་གནང་དགོས་པའི་སྤྱི་བསྒྲགས་སྤེལ་འདུག་ལ་དེ་བཞིན་རྒྱ་གར་གྱི་མི་མང་ལྟ་རྟོག་ཚོགས་པ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། ངོ་རྒོལ་ལས་འགུལ་སྤེལ་སྲིད་པའི་དོགས་གཞིའི་འོག་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་བའི་བོད་མི་རྣམས་གློད་བཀྲོལ་གཏོང་དགོས་བ་དང་། ཞི་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་བའི་སྤྱི་བསྒྲགས་སྤེལ་འདུག
དེ་བཞིན་(Chennai)་གྲོང་ཁྱེར་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་༢༨་ཡོད་པ་རྣམས་ཉིན་ལྟར་ཉེན་རྟོག་ལས་ཁང་དུ་འབྱོར་ཐོ་རྒྱག་པར་ཡོང་དགོས་པའི་བཀའ་བཏང་ཡོད་པ་དང་། དེས་རྐྱེན་པས་སློབ་ཕྲུག་རྣམས་འཛིན་གྲྭ་དང་ཡིག་རྒྱུགས་སྐབས་རྗེས་མ་ཟིན་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
འཛིན་བཟུང་བཀག་ཉར་འོག་ཡོད་པའི་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། ང་ཚོར་ལག་ལྕགས་རྒྱབ་ནས་བཙོན་ཁང་ནང་བཀག་པ་ནི་འཕྲལ་སེལ་ཞིག་རེད། བོད་མི་དང་། ཧོང་ཀོང་། ཡུ་གུར་ཁ་ཆེའི་མི་རིགས། ཐེ་ཝེན་མི་དམངས་བཅས་ཀྱིས་རང་དབང་གི་མངོན་འདོད་དང་། སྙིང་སྟོབས་ནམ་ཡང་བཙོན་འཇུག་བྱེད་ཐུབ་ཀྱི་མ་རེད་ཞེས་གསུངས་འདུག