རྡང་ཆུ་གཙང་པོའི་ཁོར་ཡུག་སྲུང་སྐྱོབ་མཁན་མཚོ་སྔོན་ཚེ་རིང་ལགས་སུ་ནག་ཉེས་ངོས་ལེན་དགོས་པའི་མནར་གཅོད་དང་འདྲི་རྩད་ཤུགས་ཆེར་བྱེད་བཞིན་ཡོད་འདུག

2025.03.31
རྡང་ཆུ་གཙང་པོའི་ཁོར་ཡུག་སྲུང་སྐྱོབ་མཁན་མཚོ་སྔོན་ཚེ་རིང་ལགས་སུ་ནག་ཉེས་ངོས་ལེན་དགོས་པའི་མནར་གཅོད་དང་འདྲི་རྩད་ཤུགས་ཆེར་བྱེད་བཞིན་ཡོད་འདུག བརྙན་ལམ་ནས་ཞུ་འབོད་མཁན་ཚེ་རིང་ལགས།
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣༡ ཉིན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་ཁོར་ཡུག་ཐོབ་ཐང་འཐབ་རྩོད་པ་མཚོ་སྔོན་ཚེ་རིང་ལགས་སུ། དྲ་ལམ་དུ་ཡུལ་དེའི་རྡང་ཆུ་གཙང་བོའི་བྱེ་སྡོ་སྔོག་འདོན་ཐེར་འདོན་བྱས་པ་ནག་ཉེས་སུ་ངོས་ལེན་དགོས་པའི་བཙན་ཐབས་འོག མནར་གཅོད་དང་འདྲི་རྩད་ཤུགས་ཆེར་བྱེད་བཞིན་པ་མ་ཟད། ཁོང་གི་ནང་མི་དང་འབྲེལ་ཡོད་ཚོར་དམ་དྲག་སུན་བཙེར་འོག་སྡོད་བཟོད་མི་ཐུབ་པའི་གནས་སུ་སྐྱེལ་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གནས་ཚུལ་མཁོ་སྤྲོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་དེས་མུ་མཐུད་བརྗོད་དོན་ལ། མཚོ་སྔོན་ཚེ་རིང་ལགས་ཀྱི་འབྲེལ་ཡོད་ཚོས་ཐབས་ཤེས་སྣ་ཚོགས་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་སྔོན་ཚེ་རིང་ལ་མུ་མཐུད་འདྲི་རྩད་བཅར་བརྡུང་དང་། ནག་ཉེས་ངོས་ལེན་དགོས་པའི་མནར་གཅོད་ཤུགས་ཆེར་གཏོང་བཞིན་ཡོད་ན་ཡང་། མཚོ་སྔོན་ཚེ་རིང་ལགས་ནས་མུ་མཐུད་དོན་དངོས་གནས་ཚུལ་ལས་ནག་ཉེས་གང་ཡང་མེད་སྐོར་བརྗོད་ནས་རྒྱ་ནག་གཞུང་གི་བཙན་ཐབས་ལ་ངོས་ལེན་བྱེད་ཀྱི་མེད་པ་དང་། མཚོ་སྔོན་ཚེ་རིང་ལགས་ནས་ནག་ཉེས་མེད་བཞིན་དུ་ཡོད་སྐོར་ངོས་ལེན་བྱས་པ་ཡིན་ན་རྒྱ་ནག་གཞུང་གིས་ཁོང་ལ་ཉེས་ཆད་མེད་སྐོར་སོགས་ཀྱི་བསླུ་བྲིད་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

ཡང་གོང་ཞུས་འབྲེལ་ཡོད་བོད་མི་གཞན་དེས། འདས་པའི་ཟླ་ཤས་རིང་མཚོ་སྔོན་ཚེ་རིང་ལགས་ཀྱི་ནང་མི་དང་ཉེ་འབྲེལ་ཚོས་མཚོ་སྔོན་ཚེ་རིང་ལགས་སུ་ཐུག་འཕྲད་བྱེད་བཅུག་པའི་ཞུ་གཏུག་དང་རེ་སྐུལ་ཐེངས་མང་ཞུས་ཀྱང་། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་མཚོ་སྔོན་ཚེ་རིང་གི་གནད་དོན་དེ་རྒྱལ་ཁབ་རིམ་པའི་གནད་དོན་ཛ་དྲག་ཡིན་པས། ཁྱེད་རང་ཚོས་གནད་དོན་དེར་ལག་པ་མ་འཆང་ན་ཡག་པོ་ཡོད་པའི་འཇིག་སྐུལ་འོག་ཐུག་འཕྲད་ཙམ་ཡང་བྱེད་བཅུག་གི་མེད་པ་མ་ཟད། ཁོང་གི་ཕ་མ་གཉིས་ལ་ལྟ་རྟོག་བྱེད་མཁན་ཆེད་འཛུགས་ཀྱིས་མི་དང་ཐུག་འཕྲད་བྱེད་མི་བཅུག་པ་སོགས་ཀྱི་སུན་བཙེར་འོག ཕ་མ་གཉིས་ལ་མཚོ་སྔོན་ཚེ་རིང་ལས་ཁྱིམ་དུ་བུ་ཕྲུག་སོགས་གང་ཡང་མེད་པས། ཁོང་གི་ཨ་མས་སེམས་སྡུག་དང་གཟུགས་ཁམས་མི་བདེ་བའི་གནས་སུ་ལྷུང་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གསུམ་ནས། རྒྱ་ནག་གཞུང་ལ་ཁོར་ཡུག་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་བཀག་ཉར་བྱས་པའི་སྐོར་རྒྱ་ནག་གཞུང་ལ་གཞུང་འབྲེལ་ཐོག་ནས་སྙན་སེང་བརྡ་ཡིག་བཏང་སྟེ། མཚོ་སྔོན་ཚེ་རིང་ལགས་ཀྱི་གནས་སྟངས་དང་ཁོང་གི་ཁྲིམས་ཆད་སོགས་ཀྱི་ཐད་ཛ་དྲག་གི་སེམས་འཚབ་ཡོད་པ་གསལ་སྟོན་བྱས་འདུག་ལ། གནད་དོན་དེ་དང་འབྲེལ་ཨ་རིར་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣན་སེང་བཞིན་མཚོ་སྔོན་ཚེ་རིང་ལགས་མྱུར་དུ་ཀློད་གྲོལ་དང་། བོད་མི་ཚང་མའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དྲག་གནོན་མཚམས་འཇོག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

བོད་རིགས་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ཀྱིས་སྤྱི་ལོ་༢༠༢༤ལོའི་ཟླ་༡༠ ཚེས་༡༥ ཉིན། རྒྱ་ནག་གི་སྐད་འཕྲིན་སྤྱི་ཚོགས་དྲྭ་ལམ་བརྒྱུད། བོད་ནང་གི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་རྒྱ་ནག་གི་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་ཟེར་བ་ཞིག་གིས་བྱེ་ཟེགས་སྔོག་འདོན་བྱས་ཏེ། ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཤུགས་ཆེར་ཐེབས་བཞིན་པ་ཞུ་སྐུལ་བྱས་རྐྱེན། རྒྱ་ནག་གཞུང་གིས་ཁོང་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་འཛིན་བཟུང་གིས་འདྲི་རྩད་བཀག་ཉར་རྗེས། ཟླ་ ༡༠ ཚེས་ ༢༧ ཉིན་ཁོང་ལ་སྤྱི་ཚོགས་ཟིང་སློང་དང་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་འཛུགས་འོག དུས་ཡུན་ཟླ་བ་ ༨ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ན་ཡང་། སྔར་ལོའི་ཟླ་ ༡་ནང་བསྐྱར་དུ་ཁོང་ལ་ནག་ཉེས་ངོས་ལེན་མ་བྱས་སྐོར་བརྗོད་ནས་དུས་ཡུན་ཟླ་བ་ ༨ འཕར་འགྱངས་བྱས་ཏེ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་རྫོང་དུ་བརྟེན་གཞི་བྱས་པའི་ཁུལ་མི་མང་ཁྲིམས་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎