མཐུན་པའི་ཆ་རྐྱེན་འབྱུང་ཚེ་ཀིམ་ཇུན་ཨུན་དང་ཐུག་རྒྱུ་ཡིན།
2017.05.02

ཨ་རིའི་སྲིད་འཛིན་མཆོག་གིས་མཐུན་པའི་ཆ་རྐྱེན་ཞིག་གི་བྱུང་ཚེ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུན་ཨུན་དང་དགའ་པོའི་ངང་ཐུག་འཕྲད་བྱ་རྒྱུ་ཡིན་ལུགས་གསུངས་འདུག
དེ་ཡང་གཟའ་ཉི་མའི་ཉིན། ཨ་རིའི་གསར་འགྱུར་རྒྱུད་ལམ་Bloomberg གྱིས་བྱང་ཀོ་རི་ཡས་ཉེ་བའི་ཆར་རྡུལ་ཕྲན་གྱི་གོ་མཚོན་ལ་ཚོད་ལྟ་ཐེངས་དྲུག་པ་དེ་བྱ་རྒྱུའི་ཉེན་བརྡ་བཏང་པ་སོགས་ཀོ་རི་ཡ་ཕྱེད་གླིང་གི་གནས་སྟངས་ཛ་དྲག་ཏུ་བཏང་བཞིན་པའི་གནད་དོན་ཐད། ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག་གི་དགོངས་ཚུལ་བཀའ་འདྲི་ཞུས་པར། སྲིད་འཛིན་མཆོག་གིས། གལ་སྲིད་ཁོང་དང་ཐུག་འཕྲད་བྱ་རྒྱུའི་དུས་སྐབས་འོས་འཚམས་བྱུང་ཚེ་ངས་ངེས་པར་དུ་དགའ་པོའི་ངང་ཐུགས་འཕྲད་བྱ་རྒྱུ་ཡིན་ཞེས་གསུངས་འདུག ཡིན་ནའི་སྲིད་འཛིན་གིས་འོས་འཚམས་ཀྱི་དུས་སྐབས་དེ་ག་དུས་ཡིན་མིན་སོགས་ཀྱི་ཞིབ་ཕྲ་འགྲེལ་བརྗོད་གནང་མེད་པ་རེད།
འདི་ནི་ཨ་རིའི་སྲིད་འཛིན་གྱིས་བྱང་ཀོ་རི་ཡའི་ཐོག་དམག་ཤུགས་བེད་སྤྱོད་བྱ་རྒྱུའི་ཉེན་བརྡ་བཏང་གནང་པ་དང་མི་མཐུན་པ་ཆེན་པོ་ཞིག་ཡིན་པ་རེད། ལྷོ་ཀོ་རི་ཡའི་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཨ་རིའི་སྲིད་འཛིན་གྱི་གོང་ཞུས་བཀའ་མོལ་དེ་ནི་ཉེ་བའི་དུས་ཡུན་ནང་བྱང་ཀོ་རི་ཡའི་མཚོན་ཆའི་དམིགས་ཡུལ་དང་འབྲེལ་ཡོད་ཀྱི་ཐོག་ནས་མངའ་ཁུལ་དེའི་ནང་ཛ་དྲག་གི་གནས་སྟངས་ཧ་ཅང་ཚད་མཐོ་པོ་ཞིག་ཏུ་སླེབས་པ་དེ་ནས་ཕྱིར་ཐོན་ཐབས་གནང་པ་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད།
བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱིས་ཀོ་རི་བྱང་མའི་སྲིད་དབང་བཟུང་པ་ནས་ད་བར་ཕྱིའི་རྒྱལ་ཁབ་ཀྱི་དཔོན་རིགས་སུ་ཞིག་དང་ཡང་ཐུག་འཕྲད་བྱས་མྱོང་མེད་པ་རེད།
བྱང་ཀོ་རི་ཡའི་ངོས་ནས་འདས་པའི་ལོ་བཅུ་གཅིག་གི་ནང་རྡུལ་ཕྲན་མཚོན་ཆ་ཐེངས་ ༥ ཚོད་ལྟ་ཟིན་པ་དང་། གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོས་བཀའ་བཀོད་གཞིར་བཟུང་དུས་ཚོད་དང་ས་གནས་གང་ཞིག་ཏུ་སླར་ཡང་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་ལ། དེ་བཞིན་བྱང་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གིས་བཏོན་པའི་གསལ་བསྒྲགས་ཤིག་གི་ནང་། ཇི་སྲིད་དུ་ཨ་མི་རི་ཀའི་གཞུང་གིས་བྱང་ཀོ་རི་ཡའི་ཐོག་འཁོན་འཛིན་གྱི་སྲིད་ཇུས་བཟུང་རྒྱུ་མཚམས་འཇོག་མ་བྱས་པར་དེ་སྲིད་དུ་བྱང་ཀོ་རི་ཡའི་ངོས་ནས་ཚུར་རྒོལ་འགོག་ཐབས་སུ་རྡུལ་ཕྲན་མཚོན་ཆའི་ནུས་པ་རྒྱ་བསྐྱེད་གཏོང་བའི་ལས་འགུལ་མཚམས་འཇོག་བྱེད་རྒྱུ་མིན་ལུགས་བརྗོད་ཡོད་པ་རེད།
གསར་འགོད་པ་འཆི་མེད།