ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཐོག་མཁྲེགས་འཛིན་སྲིད་ཇུས་ཁག་ཅིག་རིམ་པས་གཏན་འབེབས་གནང་འཆཪ།
2020.11.17
ཨ་མི་རི་ཀའི་སྲིད་འཛིན་གྱིས་སྲིད་འཛིན་གྱི་ལས་ཡུན་མ་རྫོགས་གོང་སྲིད་འཛིན་གྱི་སྐུ་དབང་བེད་སྤྱད་ནས་རྒྱ་ནག་གི་ཐོག་མཁྲེགས་བཟུང་གི་སྲིད་ཇུས་ཁག་གཅིག་མུ་མཐུད་དུ་རིམ་པས་གཏན་འབེབས་གནང་འཆཪ་འདུག
ཨ་མི་རི་ཀའི་སྲིད་འཛིན་(Donald Trump)ལགས་ཀྱིས་སྲིད་འཛིན་གྱི་ལས་ཡུན་མ་རྫོགས་གོང་སྲིད་འཛིན་གྱི་སྐུ་དབང་བེད་སྤྱད་ནས་རྒྱ་ནག་གི་ཐོག་མཁྲེགས་བཟུང་གི་སྲིད་ཇུས་ཁག་གཅིགམུ་མཐུད་དུ་རིམ་པས་གཏན་འབེབས་གནང་འཆར་ཡོད་པ་ཐད་ཀར་འབྲེལ་བ་དང་རྒྱུས་མངའ་ཡོད་པའི་ཨ་རིའི་གཞུང་འཛིན་གྱི་མཐོ་རིམ་མི་སྣ་ཁག་ཅིག་གིས་གསུངས་གནང་འདུག
དེ་ཡང་(AXIOS)ཞེས་པའི་ཨ་རིའི་དྲ་རྒྱའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་(Trump)ལགས་ཀྱིས་སྲིད་འཛིན་གྱི་ལས་ཡུན་རིང་། རྒྱ་ནག་གི་ཐོག་མཁྲེགས་འཛིན་གྱི་སྲིད་ཇུས་བཟུང་པའི་ལས་དོན་གྱི་མཛད་རྗེས་ཆུད་ཟོས་སུ་མི་འགྲོ་བའི་སླད། སྲིད་འཛིན་གྱི་ལས་ཡུན་ཚང་ལ་ཉེ་བའི་བདུན་ཕྲག་བཅུའི་ནང་ཚུད་དུ། ཚོང་དོན་གཙོ་བོར་གྱུར་བའི་རྒྱ་ནག་ཐོག་སླར་ཡང་དམ་དྲག་གི་སྒྲིག་གཞི་རིམ་པས་བཀོད་སྡོམ་གནང་འཆར་ཡོད་པ་རེད། (AXIOS)གསར་ལས་ཁང་ལ་ཨ་རིའི་འཛིན་སྐྱོང་གི་མཐོ་རིམ་མི་སྣ་ཁག་ནས་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། ཉེ་སྔོན་སྲིད་འཛིན་མཆོག་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་ལས་དོན་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱི་ཐོག་ནས། རྒྱ་ནག་གི་བཟོ་ཚོང་ལས་ཁང་མང་དག་ཞིག་ནང་ཨ་རིའི་ཚོང་དོན་ཁེ་ལས་ཚོས་མ་འཛུགས་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པའི་ཁར། ད་དུང་ཤར་ཏུར་ཀི་སི་ཐན་དང་ཧོང་ཀོང་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་ལག་འབྲེལ་ཡོད་པ་དང་། ཡང་ན། ཨ་རིའི་རྒྱལ་ནང་བདེ་འཇགས་ལ་ཉེན་ཚབས་བཟོ་ཉེན་ཆེ་བའི་རྒྱ་ནག་གི་བཟོ་ཚོང་ཁེ་ལས་ཁག་ནས་ཨ་རིའི་ཚོང་ལས་སྤེལ་མི་ཆོག་པ་མ་ཟད། ཨ་རིའི་བཟོ་ཚོང་ཁེ་ལས་ཚོས་ཀྱང་དེ་དག་དང་མཉམ་ཚོང་འབྲེལ་མི་ཆོག་པའི་བཀོད་ཁྱབ་གནང་འཆར་ཡོད་པ་རེད།
གཞན་ཡང་གོང་གསལ་གནས་ཚུལ་འབྱུང་ཁུངས་ལ་གཞིགས་ན། ཨ་རིའི་འཛིན་སྐྱོང་མཐོ་རིམ་མི་སྣ་ཁག་ནས་རྒྱ་ནག་གི་དྲག་པོའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ཁེ་ལས་ཁག་གི་ཐོ་གཞུང་རྒྱ་ཆེར་གཏོང་རྒྱུའི་བཀའ་བསྡུར་གནང་བཞིན་ཡོད་པ་རེད། བདུན་ཕྲག་སྔོན་མ་ཨ་རི་གཞུང་ནས་རྒྱ་ནག་གི་བཟོ་ཚོང་ཁེ་ལས་༣༡གི་མིང་གཞུང་ཟུར་འདོན་གནང་སྟེ་དེ་དག་གི་ནང་ཨ་རིའི་ཚོང་དོན་ཁེ་ལས་ཚོས་མ་རྩ་འཛུགས་མི་ཆོག་པའི་བཀོད་ཁྱབ་གནང་ཞིང་། ད་ལྟའི་ཆར་རྒྱ་ནག་ནང་བཙད་ཤེད་ཀྱི་ངལ་རྩོལ་སྐུལ་བ་བརྒྱུད་འགྲོ་བ་མིའི་ཐོབ་ཐང་རྡལ་བཤིག་དང་ལག་འབྲེལ་ཡོད་པའི་ཚོང་དོན་ཁེ་ལས་ཁག་ལ་དམ་དྲག་གི་སྒྲིག་གཞི་བཀོད་སྡོམ་གནང་འཆར་ཡོད་འདུག
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་(John Ullyot)ལགས་ཀྱིས། གལ་ཏེ་རྒྱ་ནག་གཞུང་ནས་ལས་དོན་བྱེད་ཕྱོགས་ལ་འགྱུར་བ་བཏང་ནས་འཛམ་གླིང་ཐོག་ཚུལ་མཐུན་རྒྱལ་ཁབ་ཀྱི་ངོ་བོར་མ་འགྱུར་ཚེ། ད་ལྟའི་ལས་ཐོག་སྲིད་འཛིན་(Trump)ལགས་ཀྱིས་རྒྱ་ནག་ཐོག་གི་ལོ་རྒྱུས་རང་བཞིན་ལྡན་པའི་སྲིད་ཇུས་དེ་དག་ལ་མ་འོངས་ཨ་རིའི་སྲིད་འཛིན་རིམ་པས་ལམ་སེང་འགྱུར་བ་གཏོང་ཐུབ་རྒྱུ་ཁག་པོ་ཡིན་པ་གསུངས་གནང་འདུག