ཨ་རིའི་སྲིད་འཛིན་དང་དབྱིན་ཇིའི་རྒྱལ་མོ་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་རེད།
2018.07.05
ཨ་རིའི་སྲིད་འཛིན་(Donald Trump)གྱི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པར་མི་ལྟོས་པར་བདུན་ཕྲག་རྗེས་མར་ཁོང་དབྱིན་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས་ཁོང་དང་དབྱིན་ཇིའི་རྒྱལ་མོ་(Elizabeth)རྣམ་གཉིས་མཇལ་འཕྲད་གནང་གཏན་འཁེལ་ཡོད་འདུག
དེ་ཡང་གནས་ཚུལ་ནང་བཀོད་པར་གཞིགས་ན། ཨ་རིའི་སྲིད་འཛིན་(Donald Trump)གཞུང་འཛིན་དབང་ཆའི་ཐོག་ཕེབས་པ་ནས་བཟུང༌། ཁོང་གིས་ཁ་ཆེའི་རྒྱལ་ཁབ་ཁག་ཅིག་གི་མི་སེར་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་དང༌། དབུས་དང་ལྷོ་ཨ་མི་རི་ཀ་ནས་ཨ་རིར་སྐྱབས་བཅོལ་བ་ཡོང་མི་ཐུབ་པ་བཟོ་རྒྱུའི་ཆེད་ཨ་རི་དང་མེཀ་སི་ཀོ་གཉིས་ཀྱི་ས་མཚམས་སུ་གྱང་རྒྱག་རྒྱུའི་གསལ་བསྒྲགས་གནང་བ། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་མཐུན་དང༌རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཨ་རིས་ཕྱིར་འཐེན་གནང་བ་མ་ཟད། ཉེ་ལམ་དབུས་དང་ལྷོ་ཨ་མི་རི་ཀ་ནས་ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གསང་འཛུལ་བྱས་པའི་ཕ་མ་དང་ཕྲུ་གུ་རྣམས་ཡ་བྲལ་དུ་བཏང་བའི་གནང་ཕྱོགས་དེ་དག་ལ་མི་འདོད་པ་བྱེད་མཁན་གྱི་དབྱིན་ཇིའི་མི་སེར་དང་སྲིད་དོན་པ་མང་པོས་བདུན་ཕྲག་རྗེས་མར་ཨ་རིའི་སྲིད་འཛིན་གྱིས་དབྱིན་ཡུལ་ནང་རྒྱལ་དོན་འཚམས་གཟིགས་གནང་འཆར་ཡོད་པ་དེར་ངོ་རྒོལ་བྱེད་ཀྱིན་ཡོད་པ་མ་ཟད། གལ་སྲིད་ཁོང་ཕེབས་པ་ཡིན་ནའི། ཁོང་དང་རྒྱལ་མོ་(Elizabeth)རྣམ་གཉིས་དབར་མཇལ་འཕྲད་མི་ཡོང་བ་བཟོ་དགོས་སྐོར་ཤོད་ཀྱི་ཡོད་ཀྱང༌། དབྱིན་ཇི་གཞུང་གིས་ཨ་རིའི་སྲིད་འཛིན་ལ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུ་རྒྱུ་ཡིན་པའི་ཐོག སྲིད་འཛིན་ (Donald Trump)དང་དབྱིན་ཇིའི་རྒྱལ་མོའི་དབར་གྱི་མཇལ་འཕྲད་ཡང་གོ་སྒྲིག་གནང་ཡོད་པའི་གསལ་བསྒྲགས་གནང་འདུག་པ་མ་ཟད། ཡང་རྒྱལ་དོན་འཚམས་གཟིགས་དེར་མོས་མཐུན་བྱེད་མཁན་ཚོས། ཨ་རིའི་སྲིད་འཛིན་གྱིས་སྐྱོན་བརྗོད་འོས་པའི་གཏམ་བཤད་དང་ཕྱག་ལས་འགའ་གནང་ཡོད་ཡོད་ཀྱང༌། ད་བར་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བའི་བྱ་སྤྱོད་རིགས་སྤེལ་མེད་པར་སོང༌། ཁོང་ལ་ངེས་པར་དུ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུ་དགོས་པའི་བསམ་ཚུལ་བཏོན་མཁན་ཡང་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།