སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་རྒྱལ་པོ་ཆའར་ལི་སི་གསུམ་པ་ཁྲི་འདོན་གནང་བར་འཚམས་འདྲི་གནང་འདུག

2022.09.13
སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་རྒྱལ་པོ་ཆའར་ལི་སི་གསུམ་པ་ཁྲི་འདོན་གནང་བར་འཚམས་འདྲི་གནང་འདུག
སྒྲིག་བཟོ།/tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཇིའི་རྒྱལ་སྲས་ཆའར་ལི་སི་(Charles)་མཆོག་དངོས་སུ་རྒྱལ་པོར་ཁྲི་འདོན་གནང་བར་འཚམས་འཕྲིན་ཕུལ་ནས་འཚམས་འདྲི་ཞུས་ཡོད་པ་དང་། འཚམས་འཕྲིན་ནང་། སྐུ་ཉིད་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་འདྲིས་ཆེན་པོ་དང་གུས་བརྩི་ཆེན་པོ་གནང་ཡུལ་གྱི་གྲོགས་པོ་ཞིག་ཡིན་པ་ལྟར། ང་ཚོ་བོད་མི་ཚོས་ཀྱང་སྐུ་ཉིད་ལ་དམིགས་བསལ་ཆེ་བསྟོད་དང་སེམས་ཐག་ཉེ་པོ་ཞུ་ཡུལ་ཞིག་ཡིན་ལ། ད་རེས་སྐུ་ཉིད་དབྱིན་ཡུལ་གྱི་རྒྱལ་པོའི་ཁྲི་འདོན་དངོས་སུ་བཞེས་པར་བོད་མི་མང་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་གི་ཡིན། སྐུ་ཉིད་ཀྱི་མཚན་གནས་འདིའི་ཐོག་ནས་རྒྱལ་མོ་དང་ཡུམ་དམ་པའི་མཛད་རྗེས་རྒྱུན་འཁྱོངས་གནང་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་གི་ཡིན། དབྱིན་ཡུལ་མི་མང་གི་མངོན་འདོད་ཀྱང་འགྲུབ་གནང་བའི་ཡིད་ཆེས་དང་སྨོན་འདུན་ཞུ་གི་ཡོད་ཅེས་བཀོད་གནང་ཡོད་འདུག
དབྱིན་ཇིའི་རྒྱལ་སྲས་ཅར་ལེསེ་མཆོག་གི་ཡུམ་དབྱིན་ཇིའི་རྒྱལ་མོ་ཨི་ལ་ཛ་བྷིཏ་མཆོག་ཉིན་ཤས་གོང་དགོངས་པ་རྫོགས་པའི་རྗེས་རྒྱལ་སྲས་མཆོག་གིས་དངོས་སུ་རྒྱལ་པོའི་ཐུགས་འགན་དང་མཚན་གནས་བཞེས་ཡོད་པ་རེད།
རྒྱལ་པོ་ཆའ་རལི་སི་མཆོག་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་དང་། ལྷག་པར་དུ་དེ་སྔ་ཕྱི་ལོ་༢༠༡༢ལོར་བཞུགས་གནས་སུ་ཆིབས་བསྒྱུར་གནང་ཏེ་སྟེང་ཞལ་རྣམ་གཉིས་མཇལ་འཕྲད་གནང་དུས་གྲོགས་པོའི་འདུ་ཤེས་དམ་ཟབ་ཡོད་པ་མངོན་ཐུབ་ཡོད་པ་དང་། རྒྱལ་སྲས་མཆོག་ནས་ཀྱང་དེ་སྔ་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་དང་རྒྱ་ནག་གི་དཔོན་རིགས་དབྱིན་ཡུལ་དུ་འཚམས་གཟིགས་དང་རྒྱལ་མོ་མཆོག་མཇལ་འཕྲད་གནང་བའི་སྐབས་སུ་མངོན་གསལ་དོད་པོའི་ཐོག་ནས་རྣམ་འགྱུར་བསྟན་གནང་མྱོང་ཡོད་པ་རེད། ད་རེས་ཁོང་དབྱིན་ཡུལ་གྱི་རྒྱལ་པོར་ཁྲི་འདོན་གནང་བའི་སྐབས་སུའང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་བསྩལ་ནས་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་དང་། མ་འོངས་པར་དཀའ་ངལ་ཁག་ལ་གདོང་ལེན་གནང་སྟེ། དབྱིན་ཡུལ་མི་མང་གི་རེ་བ་དང་མངོན་འདོད། དེ་བཞིན་འཛམ་གླིང་འདི་ཉིད་སྔར་ལས་ལྷག་ཞི་བདེ་ལྡན་པ་ཞིག་བསྐྲུན་ཆེད་ཞབས་འདེགས་བསྒྲུབ་ཐུབ་པའི་སྨོན་ལམ་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎