ཨ་རིའི་གཞུང་གིས་རྒྱ་ནག་ལ་སྒོ་ཁྲལ་འཕར་མ་བཀལ་བའི་འགག་ལན་དུ་རྒྱ་ནག་གིས་ཊིཀ་ཊོཀ་བཟོ་ཚོང་ལས་ཁང་བཙོང་རྒྱུའི་གྲོས་མོལ་བར་མཚམས་བཞག་འདུག
གནས་ཚུལ་རྒྱས་ལ་ཨིན་སྐད་ཐོག་གཟིགས་འཐུས།
རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་ལ་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༣༤ དགལ་རྒྱུའི་གསལ་བསྒྲགས་བྱས་རྗེས། རྒྱ་ནག་གཞུང་གི་ངོས་ནས་ཊིག་ཊོཀ་ (TikTok) ཨ་རིར་འཚོང་བསྒྱུར་བྱེད་དེ་ཨ་རིའི་ནང་རྒྱུན་སྤྱོད་འབྱུང་ཐབས་ཀྱི་གྲོས་མོལ་བར་མཚམས་བཅད་པ་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲམཔ་ (Donald Trump) མཆོག་གིས་གཟའ་ཉི་མའི་ཉིན་གསུངས་འདུག འོན་ཀྱང་སྲིད་འཛིན་ཏྲམཔ་མཆོག་གིས་ཇི་སྲིད་དུ་རྒྱ་ནག་ཐེ་བས་ཕྱིའི་ཡུལ་གྲུ་ཁག་གིས་ཨ་རི་དང་ཚོང་གི་སྒོ་ཁྲལ་ཧེ་བག་ཅོག་ཆ་མ་བྱས་བར་ཨ་རིའི་ངོས་ནས་སྒོ་ཁྲལ་སྣོན་དཀྲི་བྱེད་རྒྱུུ་ནས་ཕྱི་བཤོལ་གནང་རྒྱུ་མིན་པ་ནན་བརྗོད་གནང་འདུག་པར་མ་ཟད། གཟའ་ཟླ་བའི་ཉིན་སྲིད་འཛིན་ཏྲམཔ་མཆོག་གིས་གལ་ཏེ་རྒྱ་ནག་གི་ངོས་ནས་ཕྱི་ཟླ་ ༤ ཚེས་ ༨ ཚུན་ཆད་ཨ་རི་དངརྒྱུན་རིང་་འཁོད་སྙོམས་མེད་པའི་ཚོང་གི་སྒོ་ཁྲལ་གི་དཀའ་རྙོག་མ་སེལ་ཚེ་ཕྱི་ཚེས་ ༩ ཉིན་རྒྱ་ནག་ཐོག་སྒོ་ཁྲལ་སྣོན་མ་བརྒྱ་ཆ་ ༥༠ ཐམ་པ་བཀེལ་རྒྱུ་ཡིན་པ་གསུངས་འདུག དེ་ཙམ་མ་ཟད་རྒྱ་ནག་གི་ངོས་ནས་གནད་དོན་འདྲ་མིན་ཐད་ཨ་རིའི་གཞུང་དང་གྲོས་མོལ་ཚོགས་འདུ་ཡོང་ཐབས་ཀྱི་རེ་བསྐུལ་བྱེད་བཞིན་དེ་དག་ཀྱང་རྩིས་མེད་གཏོང་རྒྱུ་མིན་པ་གསུངས་འདུག
རྒྱ་ནག་གི་མཁེ་གཉེར་ལས་ཁང་ (ByteDance) ཡི་བདག་ཏུ་བཟུང་ཞིང་། བཀོལ་སྤྱོད་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་ཊིཀ་ཊོཀ་སྤྱི་ཚོགས་དྲ་ལམ་མཉེན་ཆས་དེ་ཨ་རིའི་ནང་གི་ཉོ་ཚོང་མཁེ་གཉེར་ཁང་ལ་ཚོང་བསྒྱུར་བྱེད་དགོས་པ་ཨ་རིའི་གྲོས་ཚོགས་ནས་ ༢༠༢༤ ལོར་གྲོས་ཆོད་གཏན་འབེབས་བྱས་ཡོད་པ་རེད། འོན་ཀྱང་དེ་ལྟར་ཚོང་བསྒྱུར་བྱེད་རྒྱུར་རྒྱ་ནག་གཞུང་གིས་ཆོག་མཆན་ཡང་དགོས་ཀྱི་ཡོད་པ་རེད།
སྲིད་འཛིན་ཏྲམཔ་མཆོག་གིས་ཊིཀ་ཊོཀ་ཐད་ཀྱི་གྲོས་མོལ་ཡོངས་སུ་གྲུབ་མེད་ཀྱང་གྲོས་མཐུན་ཞིག་འབྱུང་རྒྱུ་ཧ་ཅང་ཉེ་པོར་སླེབས་ཡོད། འོན་ཀྱང་རྒྱ་ནག་གིས་སྒོ་ཁྲལ་གྱི་གནད་དོན་ཐོག་ནས་གྲོས་མཐུན་གྱི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་གསར་འགོད་པ་ཚོར་གསུངས་ཤིང་། ད་དུང་ཁོང་གིས། གལ་ཏེ་ངས་སྒོ་ཁྲལ་འཕྲན་བུ་ཅོག་ཆ་བྱས་ཡོད་ན་ཁོང་ཚོའི་ངོས་ནས་སྐར་མ་བཅོ་ལྔའི་ནང་ཚུད་གྲོས་མཐུན་དེར་ངོས་ལེན་བྱས་ཡོད་སྲིད་པ་རེད། འདིས་སྒོ་ཁྲལ་ལ་ནུས་པ་ཇི་ཙམ་ཡོད་པ་བསྟན་པ་རེད་ཅེས་གསུངས་འདུག
གཟའ་ལྷག་པའི་ཉིན་སྲིད་འཛིན་ཏྲམཔ་གིས་ཕོ་བྲང་དཀར་པོའི་ལས་ཁུངས་ནས་རྒྱ་ནག་གིས་ཨ་རིའི་ཐོག་སྒོ་ཁྲལ་ལན་སློག་བྱས་པར་ཡ་ལན་གྱི་ཚུལ་དུ་སྒོ་ཁྲལ་བརྒྱ་ཆ་ ༣༤ འཕར་མ་དགལ་རྒྱུའི་གསལ་བསྒྲགས་གནང་ཞིང་། འདི་ནི་དེ་སྔོན་རྒྱ་ནག་ཐོག་སྒོ་ཁྲལ་བརྒྱ་ཆ་ ༢༠ ཐམ་པ་བཀལ་མུས་ཡིན་པ་དེའི་ཐོག་སྣོན་པ་ཞིག་ཡིན་པ་རེད། ཁྱོན་བསྡོམས་ད་ཆ་རྒྱ་ནག་ཐོག་གི་སྒོ་ཁྲལ་བརྒྱ་ཆ་ ༥༤ ཟིན་གྱི་ཡོད་པ་རེད།
དེའི་ལན་དུ་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༤ ཚེས་ ༡༠ ནས་བཟུང་ཨ་རི་ནས་རྒྱ་ནག་ནང་ནང་འདྲེན་བྱེད་པའི་ཚོང་ཟོག་ཡོངས་རྫོགས་ཐོག་སྒོ་ཁྲལ་བརྒྱ་ཆ་ ༣༤ དགལ་རྒྱུ་དང་། ཧ་ཅང་དཀོན་ཞིང་ཁ་པར་དང་ཀམ་པུར་ལ་རྟེན་པའི་འཕྲུལ་རིག་དངོས་པོ་མང་པོའི་ནང་ངེས་པར་མཁོ་བའི་ས་དཀོན་རྫས་རིགས་ཁག་ཅིག་ཕྱིར་ཚོང་བཀག་འགོག་བྱེད་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།ཊིཀ་ཊོཀ་མཉེན་ཆས་ནི་ཨ་རིའི་ནང་བཀོལ་སྤྱོད་བྱེད་མཁན་ས་ཡ་མང་པོ་ཡོད་ནའང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་རྒྱ་ནག་ནང་རྟེན་གཞི་བྱེད་པའི་མཉེན་ཆས་དེས་ཨ་རིའི་མི་སྒེར་གི་གནས་ཚུལ་མཁོ་སྒྲུབ་བྱེད་པ་དང་། མཉེན་ཆས་དེས་ཨ་རིའི་མི་སེར་གྱི་ཆབ་སྲིད་ཀྱི་བསམ་བློར་ཤུགས་རྐྱེན་སྤྲོད་བཞིན་ཡོད་པར་ཡིད་ཆེས་ཀྱིས་ཨ་རིའི་ནང་མཉེན་ཆས་དེ་བཀོལ་སྤྱོད་མི་ཆོག་བཟོ་དགོས་པ་ནན་བརྗོད་བྱས་ཡོད་པ་རེད། འོན་ཀྱང་ཌོ་ནལན་ཏྲམཔ་ཨ་རིའི་སྲིད་འཛིན་དུ་འདམ་ཐོན་བྱུང་རྗེས་ཊིཀ་ཊོཀ་གྱི་མཉེན་ཆས་ཨ་རིའི་ནང་བཀོལ་སྤྱོད་མུ་འཐུད་གནས་རྒྱུར་མཉེན་ཆས་དེ་ཨ་རིའི་མཁེ་གཉེར་ལས་ཁང་གང་ཞིག་ལ་ཚོང་བསྒྱུར་དགོས་རྒྱུའི་བསམ་ཚུལ་བཏོན་པར་ཨ་རིའི་གྲོས་ཚོགས་ནས་དེ་དོན་གྲོས་ཆོད་བཞག་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་ཐོག་སྒོ་ཁྲལ་བཀལ་བའི་བྱ་སྤྱོད་ནི་རྒྱལ་སྤྱིའི་ཚོང་དོན་གྱི་ཁྲིམས་དང་འགལ་ལུགས་བརྗོད་བཞིན་པར་མ་ཟད། རྒྱ་ནག་གི་དཔལ་འབྱོར་གྱི་ཚད་གཞི་ཧ་ལས་པའི་ཆེན་པོ་ཡོད་སྟབས་སྒོ་ཁྲལ་གི་གནད་དོན་ཐད་གདོང་ལེན་བྱེད་རྒྱུར་གྲ་སྒྲིག་བརྟན་པོ་ཡོད་ལུགས་བརྗོད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།