པ་ཀི་སི་ཐན་དམག་དཔུང་གིས་དྲག་སྤྱོད་པར་དྲག་རྒོལ་བྱ་འཆར།
2009.05.30
༄༅༎རེས་གཟའ་སྤེན་པ་ཉིན་པ་ཀི་སི་ཐན་གྱི་དམག་དཔུང་གིས་ཡུལ་དེའི་ནུབ་བྱང་ས་ཁུལ་དུ་ཆགས་པའི་ཆཱར་སྦག་ཞེས་པའི་གྲོང་སྡེ་ཞིག་གི་ཐོག་དྲག་རྒོལ་བྱ་སྲིད་སྟབས་ས་གནས་དེའི་ནང་གནས་པའི་ཡུལ་མི་ཚོ་ཉེན་གཡོལ་དུ་འགྲོ་དགོས་པའི་ཉེན་བརྡ་བཏང་འདུག
གྲོང་སྡེ་དེ་སུའུ་ལྦཏ་ལུང་ཞོང་གི་བྱང་ཕྱོགས་སུ་ཆགས་ཡོད་པ་དང་རྒྱང་ཐག་ཀི་ལོ་མི་ཊར་ཉི་ཤུ་ཙམ་ལས་མེད་ཅིང་པ་ཀི་སི་ཐན་གྱི་དམག་དཔུང་གིས་ཉེན་གཡོལ་བྱ་དགོས་པའི་དྲིལ་བསྒྲགས་ཀྱི་ཡིག་ཆ་དེ་དག་ཐད་འཕུར་གནམ་གྲུ་ནས་འགྲེམ་སྤེལ་བྱས་ཡོད་པ་རེད།
སུའུ་ལྦཏ་ལུང་ཞོང་གི་ནང་ཊ་ལི་སྦན་འཇིགས་བསྐུལ་དྲག་སྤྱོད་པའི་བརྟེན་གཞི་ཆེན་པོ་ཡོད་པ་དང་དེ་དག་མེད་པར་བཟོ་རྒྱུར་པ་ཀི་སི་ཐན་གྱི་དམག་དཔུང་གིས་ཕར་རྒོལ་ཤུགས་ཆེ་བྱས་ཡོད་པ་དང་ཕེ་རན་སི་གསར་ལས་ཁང་ལ་པ་ཀི་སི་ཐན་གྱི་དམག་དཔོན་མཐོ་གྲས་ཤིག་གིས་འགྲེལ་བརྗོད་བྱས་པར་གཞིགས་ན་ཆཱར་སྦག་གྲོང་གི་ནང་ཊ་ལི་སྦན་གྱི་དྲག་པོའི་འགོ་འཁྲིད་ཆེ་ཁག་འདུ་འཛོམས་ཡོད་པའི་གསང་བའི་གནས་ཚུལ་ལག་ཐོབ་བྱུང་ཡོད་འདུག་པ་དང་ས་གནས་དེའི་ཐོག་པ་ཀི་སི་ཐན་གྱི་དམག་དཔུང་ནས་གནམ་ས་གཉིས་ཀའི་ཐོག་ནས་དྲག་རྒོལ་བྱེད་སྲིད་པ་ཡིན་སྟབས་ཞི་བའི་མི་སེར་ཐོག་གོད་ཆགས་མི་ཡོང་བའི་ཆེད་དུ་ཉེན་གཡོལ་དུ་འགྲོ་དགོས་པའི་དྲིལ་བསྒྲགས་ཀྱི་ཡིག་ཆ་སྔོན་ཚུད་ནས་འགྲེམ་སྤེལ་བྱས་པ་ཞིག་ཡིན་འདུག
ས་གནས་དེའི་ནང་ཞི་བའི་མི་སེར་གྲངས་ཉི་ཁྲི་ནས་ཉི་ཁྲི་ལྔ་སྟོང་བར་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་ཕྱི་ཟླ་བཞི་པའི་ཟླ་མཇུག་ནས་ཊ་ལི་སྦན་ཐོག་ཕར་རྒོལ་གྱི་ལས་གཞི་བརྩམས་པ་ནས་བཟུང་ད་བར་ས་གནས་འདྲ་མིན་གྱི་མི་དམངས་ས་ཡ་གཉིས་ཙམ་རང་ཁྱིམ་བཞག་སྟེ་ཉེན་གཡོལ་དུ་འགྲོ་དགོས་པ་བྱུང་ཡོད་པ་དང་པ་ཀི་སི་ཐན་གཞུང་གིས་བརྗོད་པར་གཞིགས་ན་དྲག་འཛིང་གི་ལས་དོན་དེའི་ཐོག་ནས་ཊ་ལི་སྦན་དྲག་སྤྱོད་པ་མི་གྲངས་ཆིག་སྟོང་ཉིས་བརྒྱ་སྐོར་དང་གཞུང་གི་དམག་མི་བརྒྱད་ཅུ་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག
ཡང་གཟའ་སྤེན་པའི་ཉིིན་པ་ཀི་སི་ཐན་དམག་དཔུང་གིས་སུའུ་ལྦཏ་ལུང་ཞོང་ནང་གི་གྲོང་ཁྱེར་ལྟེ་བའི་གྲས་མིང་གོ་ར་ཞེས་པ་དེའི་ནང་གི་ཊ་ལི་སྦན་གྱི་དྲག་སྤྱོད་པ་རྩ་མེད་བཏང་ཟིན་ཏེ་གྲོང་ཁྱེར་དེ་དམག་མིས་ལེན་ཟིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་ཊ་ལི་སྦན་གྱི་མགྲིན་ཚབ་པ་ཞིག་གིས་ཊ་ལི་སྦན་ས་ཁུལ་དེ་ནས་ཕྱིར་འཐེན་བྱས་པའི་རྒྱུ་མཚན་གཙོ་བོ་ནི་ཞི་བའི་མི་སེར་ཐོག་གོད་ཆགས་མི་འབྱུང་ཆེད་ཡིན་ལུགས་བརྗོད་ཡོད་པ་རེད།