ཐའེ་ལེན་གྱི་དགོངས་དྲོའི་སྤྲོ་སྐྱིད་ཁང་ཞིག་མེ་འབར་བའི་དོན་རྐྱེན།
2009.01.03
༄༅༎ཐའེ་ལེན་གྱི་དགོངས་དྲོའི་སྤྲོ་སྐྱིད་ཁང་ཞིག་ནང་ཕྱི་ལོའི་ལོ་གསར་གྱི་སྔ་ནུབ་ཏུ་མི་ཧ་ཅང་མང་པོ་ཞིག་ལོ་གསར་པ་ཤར་བའི་རྟེན་འབྲེལ་གྱི་སྤྲོ་སྐྱིད་གཏོང་བཞིན་པའི་སྐབས་སྤྲོ་སྐྱིད་ཁང་དེར་མེ་འབར་ནས་མི་གྲངས་དྲུག་ཅུ་རེ་གཅིག་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་ཉིས་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་ཅིང་ད་ལྟའི་ཆར་མི་གྲངས་ཉི་ཤུ་རྩ་དྲུག་ལ་རྨས་སྐྱོན་ཚབས་ཆེ་ཕོག་སྟེ་ཛ་དྲག་གི་མྱུར་སྐྱོབས་བྱེད་བཞིན་ཡོད་པ་དང་འདས་གྲོངས་སུ་ཕྱིན་པའི་ནང་མི་གྲངས་མང་པོ་ཞིག་ཕྱི་རྒྱལ་མི་རིགས་ཡིན་པ་དང་དེ་ཚོའི་ནང་སིང་ག་པོར་དང་ཨོ་སི་ཀྲོ་རི་ཡ།སྦེལ་ཇེམ།ཨ་རི།དབྱིན་ཡུལ།ཕེ་རན་སི།ཉི་ཧོང༌།ལྷོ་ཀོ་རི་ཡ་སོགས་ཀྱི་མི་སེར་ཡོད་པ་རེད། ཐའེ་ལེན་གཞུང་གིས་མཁས་དབང་དང་རིག་གཅིག་རྐང་འཛིན་པ་སོགས་སྒྲིགའཛུགས་བྱས་ནས་མེ་སྐྱོན་ནང་རྐྱེན་འདས་སུ་ཕྱིན་པའི་ཕུང་པོ་ངོ་རྟགས་བྱེད་ཐབས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་དང་ཉེན་རྟོག་པ་དང་འབྲེལ་ཡོད་བརྟག་དཔྱད་མི་སྣ་ཚོས་ད་དུང་ཡང་ཕུང་པོ་བཅོ་ལྔ་ཙམ་ངོ་རྟགས་ཆོད་མེད་པ་རེད། ཐའེ་ལེན་གྱི་ནང་སྲིད་བློན་ཆེན་ནས་གཟའ་པ་སངས་ཉིན་ད་རེས་ཀྱི་མེ་སྐྱོན་དེས་ཐའེ་ལེན་ཡུལ་གྱི་རྒྱལ་སྤྱིའི་ཐོག་གི་རྣམ་པར་གནོད་སྐྱོན་ཕོག་རྒྱུ་ཡིན་པ་གསུངས་ཡོད་པ་རེད༎