བཀའ་དྲུང་ཡིག་ཚང་གི་དྲུང་ཆེ་འཕོ་འགྱུར་བྱུང་བ།


2016.06.03

བོད་མིའི་སྒྲིག་འཛུགས་ཤེས་རིག་དྲུང་ཆེ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་བཀའ་དྲུང་ཡིག་ཚང་གི་དྲུང་ཆེར་བསྐོ་གཞག་གནང་འདུག
དེ་ཡང་ཕྱི་ཚེས་༣ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚལ་བཀོད་སྤེལ་བྱས་པར་ལྟར་ན། ཚེས་༡་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས། བཀའ་དྲུང་ཡིག་ཚང་གི་དྲུང་ཆེར་བསྐོ་གཞག་གནང་འདུག་པ་དང་། ཕྱི་ཚེས་༣་ཉིན་ནས་བཀའ་དྲུང་གི་ལས་འཁུར་འགོ་འཛུགས་གནང་རྒྱུ་ཡིན་འདུག    
སྟོབས་རྒྱལ་ཚེ་རིང་ལགས་ནི་ཕྱི་ལོ་༡༩༥༥་ལོར། བོད་སྟོད་རྫོང་དཀར་དུ་སྐྱེས་ཤིང་། རང་ལོ་༨་ཀྱི་སྐབས་རྒྱ་གར་དུ་གྲོས་བྱོལ་དུ་འབྱོར་རྗེས། རྡ་ས་ཟུར་གསོག་སློབ་གྲྭ་དང་། པཱན་ཅ་མཱ་རི་གཏན་སློབ། མ་སུ་རི་གཏན་སློབ་བཅས་སུ་སློབ་གཉེར་གནང་ཞིང་། དེ་རྗེས་ད་ཕན་ལོ་ངོ་༤༠་ལྷག་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་ཞུའི་འགན་ཁུར་བསྟུད་མར་བཞེས་ཡོད་འདུག།
སྤྱི་ལོ་༡༩༧༣་ལོར་བལ་ཡུལ་ཤར་ཁུམ་བུ་ཤོ་རོང་བདེ་ལེགས་གཞིས་ཆགས་སུ་ཉིན་སློབ་ཀྱི་དགེ་ཆེ་དང་འཛིན་སྐྱོང་གཅིག་ལྕོགས་ཀྱི་ཕྱག་ལས་གནང་འདུག ༡༩༧༧་ལོར་ནང་སྲིད་ལས་ཁུངས་ཀྱི་སྦིར་བོད་ཚོགས་ཀྱི་བཟོ་གཞིས་ལས་ཁུངས་ཀྱི་རྩིས་པ་དང་རུམ་བཟོའི་དོ་དམ་གྱི་ཕྱག་ལས་གནང་། ༡༩༧༨་སྲིད་ཞུའི་ལས་བྱེད་དུ་དངོས་སུ་ཞུགས། ཕྱི་ལོ་༡༩༨༣་ལོར་ཨོ་རི་ས་གཞིས་ཆགས་ལས་ཁུངས་དང་། མཉམ་འབྲེལ་གྱི་དངུལ་གཉེར་གནང་། ༡༩༨༦ ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་གི་ལོ་ལྔའི་རིང་ཞབས་ཞུས་གནང་། ༡༩༩༡་ལོར་ལ་དྭགས་བསོད་ནམས་གླིང་དུ་གནས་སྤོས་ཀྱིས་མཉམ་དྲུང་དང་ལ་སྤྱི་བཅས་གནང་སྟེ་མི་མང་གི་བདེ་སྡུག་ལ་ལྟ་རྟོག་གནང་། ༡༩༩༧་ལོར་ནང་སྲིད་ལས་ཁུངས་སུ་གནས་སྤོས་གནང་རྗེས་ལོ་བཅུ་གཅིག་རིང་དྲུང་ཆེའི་ལས་རོགས་དང་། དྲུང་གཞོན་བཅས་ཀྱི་གནས་རིམ་ཐོག་ལྷོ་གཞིས་ཁག་དང་ཀ་རྡོར་སྒང་གསུམ་གྱི་གཞིས་ཆགས་ཁག་གི་གནས་སྟངས་ལ་ལྟ་རྟོག་གི་ལས་འགན་བཞེས།  ༢༠༠༧ ལོར་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་གཞག་གིས་སྨན་ཁང་ཁག་གི་འཛིན་སྐྱོང་དང་། TB་ནད་གཞི་གཙོས་པའི་ལས་གཞི་ཁག་ལ་ལྟ་རྟོག་གནང་། ༢༠༡༢་ལོར་ ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་བསྐོ་གཞག་གིས་ཁྱབ་ཁོངས་སློབ་གྲྭ་ཁག་གི་འཛིན་སྐྱོང་ལྟ་རྟོག་དང་འཆར་འགོད་ལམ་སྟོན་གནང། ༢༠༡༣་ཟླ་༢་ཚེས་༨་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གིས་འགན་འཁུར་བཞེས་མུས་ཐོག་ཟླ་བ་འདིའི་ཚེས་༡་ནས་བཀའ་དྲུང་ཡིག་ཚང་གི་དྲུང་ཆེར་བསྐོ་གཞག་གནང་ཡོད་པ་རེད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎