གྲགས་ཅན་མི་སྣ་ང་ཕོད་ངག་དབང་འཇིགས་མེད་སྐུ་གཤེགས་པ།
2009.12.23
༄༅༎རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་བཞག
དེ་ཡང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཁ་ས་ཕྱི་ཚེས་ཉི་ཤུ་གསུམ་ཉིན་གྱི་ཚོུད་བཞི་དང་སྐར་མ་ལྔ་བཅུའི་ཐོག་ང་ཕོད་ངག་དབང་འཇིགས་མེད་མཆོག་པེ་ཅིང་དུ་དགོངས་པ་རྫོགས་ཡོད་པ་དང་དམ་པ་དེ་དགོངས་པ་རྫོགས་དུས་ཁོང་དགུང་གྲངས་༩༩ཡིན་འདུག སྐུ་ཞབས་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་བོད་ཀྱི་དེང་རབས་ལོ་རྒྱུས་ཐོག་གནད་འགག་ཅན་གྱི་མི་སྣ་ཞིག་ཡིན་པ་དང་ཁོང་༡༩༡༠ལོའི་ཕྱི་ཟླ་གཉིས་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཡོད་པ་རེད། ༡༩༣༦ནས་༡༩༤༢ལོའི་བར་བོད་གཞུང་གི་རྩིས་དཔོན་དང་མདོ་སྨད་སྤྱི་ཁྱབ་ བཀའ་བློན་སོགས་ཀྱི་ཐུགས་འགན་བཞེས་གནང་ཡོད་ཅིང་༡༩༥༡ལོར་བོད་གཞུང་གི་སྐུ་ཚབ་རྣམ་པའི་དབུ་ཁྲིད་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་དཔོན་རིགས་དང་མཉམ་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་གྲོས་མོལ་གནང་མཁན་གྱི་བོད་གཞུང་གི་སྐུ་ཚབ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་གནང་ཡོད་པ་རེད། ༡༩༥༢ནས་༡༩༥༩ལོ་བར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཟེར་བའི་འགན་འཛིན་དང་དྲུང་ཡིག་ཆེ་མོའི་མཚན་གནས་སོགས་བཞེས་ཡོད་འདུག ༡༩༥༩ལོ་ནས་༡༩༩༣ལོ་བར་རྒྱ་ནག་མི་མང་འཐུགས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་དང་རྒྱལ་དོན་ལྷན་ཁང་གི་ཚོགས་མི་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ལྷན་ཁང་གི་འགན་འཛིན་ རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་མཚན་གནས་བཞེས་གནང་ཡོད་པ་རེད།