རྒྱ་གར་ལྡི་ལིར་བོད་ཀྱི་དུས་སྟོན་ཞིག་ལ་སྲུང་བརྩི།
2011.04.11
༄༅༎ཁ་ཉིན་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཧ་ལྦ་ཧར་ལལ་ནེ་རུའུ་གཙུག་ལག་སློབ་གཉེར་ཁང་ནང་བོད་ཀྱི་དུས་སྟོན་ཞིག་སྲུང་བརྩི་ཞུས་ཡོད་པ་རེད་ དུས་སྟོན་དེར་གཙུག་ལག་སློབ་གཉེར་ཁང་དེའི་ནང་གི་བོད་རིགས་སློབ་མ་ཁག་ཅིག་དང་རྒྱལ་ས་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གཞན་ཁག་ནང་ཡོད་པའི་བོད་རིགས་སློབ་མ་རྣམས་ཀྱིས་སྒྱུ་རྩལ་འདྲ་མིན་ཐོག་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་རེད་
རིག་གཞུང་གི་འགྲེམས་སྟོན་དེར་བོད་ཀྱི་ཐུན་མོང་མ་ཡིན་པའི་གཡག་གཞས་འཁྲབ་སྟོན་གནང་ཡོད་པ་རེད་ སྐབས་དེར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐོག་བོད་ཀྱི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་རྒྱ་དཀར་ནག་དང་བོད་ཀྱི་གནད་དོན་ཐོག་དབྱེ་ཞིབ་གནང་མཁན་རྣམ་པའི་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་རེད་
བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་བོད་དེ་རྒྱ་དཀར་ནག་གཉིས་འབྲེལ་མཐུད་གནང་མཁན་བར་གནས་ཀྱི་རྒྱལ་ཁབ་ཅིག་བྱུང་ཡོད་པའི་ལོ་རྒྱུས་ངོ་སྤྲོད་གནང་ཡོད་པ་རེད་ ཁོང་གིས་གཏམ་བཤད་ནང་བོད་ནང་རྒྱ་གར་ནས་ནང་ཆོས་དར་ཁྱབ་བྱུང་བའི་རྗེས་བོད་དེ་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་བཟོ་མཁན་གྱི་ཟམ་པ་ལྟ་བུའི་ལས་དོན་གནང་ཡོད་པའི་སྐོར་དང་རྒྱལ་རབས་ལོ་རྒྱུས་ནང་བོད་དེ་རྒྱ་དཀར་ནག་གཉིས་བར་གྱི་བར་གནས་ཀྱི་རྒྱལ་ཁབ་ཅིག་གི་གནས་བབ་ཇི་འདྲ་ཡིན་པའི་སྐོར་དང་མ་འོངས་པར་བོད་ཀྱི་འཁོར་ཡུག་གི་གནས་བབ་དེ་ཨེ་ཤི་ཡའི་གླིང་ཆེན་ནང་ཧ་ཅང་གི་གནད་འགག་ཆེན་པོ་ཇི་འདྲ་ཆགས་ཡོད་པའི་སྐོར་གླེང་ཡོད་པ་རེད་ སྐབས་དེར་གཏམ་བཤད་གནང་མཁན་གཞན་ནི་གཙུག་ལག་སློབ་གཉེར་ཁང་དེའི་ནང་སློབ་དཔོན་གྱི་ཕྱག་ལས་གནང་མཁན་སྐུ་ཞབས་སི་རི་ཀནཐ་ཀོན་དྲ་པལ་ལི་དང་སློབ་དཔོན་ཨ་ནན་ཀུ་མའར་བཅས་ཡིན་པ་རེད་ གོང་ཞུས་བོད་ཀྱི་དུས་སྟོན་དེ་འགོ་བྱེད་གནང་མཁན་གཙུག་ལག་སློབ་གཉེར་ཁང་དེའི་རིག་བདག་སློབ་དཔོན་སྐུ་ཞབས་ཨེསི་ཀེ་སོ་པོ་རི་ཡིས་གནང་ཡོད་ཅིང་དུས་སྟོན་གོ་སྒྲིག་དེ་གཙུག་ལག་སློབ་གཉེར་ཁང་དེའི་སློབ་ཕྲུག་གི་གླེང་སྟེགས་ཞེས་པའི་སློབ་ཕྲུག་གི་ཚོགས་པ་དེས་གནང་ཡོད་པ་རེད་