བོད་གཞུང་ཟློས་གར་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བ།
2009.12.02
༄༅༎རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་གཞུང་ཟློས་གར་ཚོགས་པ་དབུ་འཛུགས་གནང་སྟེ་མི་ལོ་༥༠ཧྲིལ་བུར་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་བཞག། ཁ་ས་རེས་གཟའ་ལྷག་པའི་ཉིན་བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་༥༠འཁོར་བའི་དུས་ཆེན་གྱི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་བཀའ་བློན་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་ གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པ་ ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་ཁག་ཅིག་བཅས་ཕེབས་ཡོད་འདུག། བོད་གཞུང་ཟློས་གར་ཚོགས་པའི་དབུ་འཛིན་ཕག་ཟུར་དབང་ཕྱུག་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་བསྩལ་གནང་བའི་གསུང་འཕྲིན་སྒྲོགས་སྦྱང་ཞུས་གནང་བའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་ཟློས་གར་ཚོགས་པས་ད་བར་བོད་ཀྱི་རིག་གཞུང་ཁག་མི་ཉམས་རྒྱུན་འཛིན་གནང་བར་བསྔགས་བརྗོད་གནང་བཞག། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོི་མཆོག་གིས་ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠འཁོར་བ་དང་བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་༥༠འཁོར་བའི་དུས་ཚིགས་དུས་གཅིག་ཏུ་འཁེལ་བའི་སྐབས་དེར་ངས་ཟློིས་གར་ཚོགས་པའི་ཚོགས་མི་རྣམས་ལ་འཚམས་འདྲི་ཞུ་གི་ཡོད་ལ་ལྷག་པར་དུ་ཚོགས་པ་འདིའི་མི་རབས་རྒན་པ་དལྟ་ང་ཚོ་མཉམ་དུ་མེད་པ་ཚོའི་ཆེད་དུ་ངས་སྨོན་ལམ་རྒྱབ་ཀྱི་ཡིན་ཞེས་བཀའ་གནང་བཞག། ཁ་ས་ནས་བཟུང་ཉིན་བཞིའི་རིང་མཛད་སྒོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་ཁ་ས་གཟུགས་ཀྱི་ཉི་མའི་རྣམ་ཐར་འཁྲབ་སྟོན་ཞུས་འདུག་ལ་དེ་རིང་ཡང་ལྷ་མོ་དང་གཞས་སྣ་སོགས་གཟིགས་འབུལ་ཞུ་རྒྱུའི་མཛད་འཆར་ཡོད་འདུག། བོད་གཞུང་ཟློས་གར་ཚོགས་པ་དེ་བཞིན་ཐོག་མར་ཕྱི་ལོ་༡༩༥༩ལོའི་ཕྱི་ཟླ་༨ཚེས་༡༡ཉིན་༧གོང་ས་༸སྐྱབས་མགོན་ཆེན་པོ་དང་ བཙན་བྱོལ་གཞུང་གི་བཀའ་འབྲེལ་བོད་མི་བསམ་ཡོད་ཁག་ཅིག་གིས་རྒྱ་གར་བྱང་ཤར་ཀ་ལོན་སྦུག་ཏུ་དབུ་བཙུགས་གནང་ཡོད་པ་དང་ དུས་དེ་ནས་བཟུང་ད་བར་ཚོགས་པ་དེ་ཧ་ཅང་ཡར་རྒྱས་ཆེན་པོ་ཕྱིན་ཏེ་རྒྱ་གར་དང་བལ་ཡུལ་འབྲུག་ཡུལ་སོགས་ནང་ཡོད་པའི་སློབ་གྲྭ་ཁག་ཏུ་ ཟློས་གར་དགེ་རྒན་མང་དག་ཅིག་ཚོགས་པ་འདི་ནས་བཏང་ཐུབ་པ་བྱུང་བཞག་། དེ་བཞིན་བོད་གཞུང་ཟློས་གར་ཚོགས་པས་རྒྱལ་ཁབ་༣༢ཙམ་ནང་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་སྟེ་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་སྤེལ་ཐུབ་པ་བྱུང་ཡོད་ལུགས་དབུ་འཛིན་ཕག་ཟུར་དབང་ཕྱུག་ལགས་ཀྱིས་ཁ་ས་ངོ་སྤྲོད་གསུང་བཤད་གནང་བཞག།