བཙན་བྱོལ་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བདུན་པ་མཇུག་སྒྲིལ་འདུག

2024.04.22
བཙན་བྱོལ་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བདུན་པ་མཇུག་སྒྲིལ་འདུག བཙན་བྱོལ་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བདུན་པ་མཇུག་སྒྲིལ་སྐབས། ༠༤།༢༢།༢༠༢༤
བསྟན་འཛིན་དོན་ཡོད། /RFA Dhasa

རྒྱ་གར་དང་བལ་བོ་རྒྱལ་ཁབ། ཨ་མི་རི་ཀ་སོགས་ནས་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་ཚོགས་པ་ཁག་༡༣ལྷན་ཞུགས་གནང་སྟེ། སྤྱི་ཟླ་༤པའི་ཚེས་༡༠ནས་བཟུང་བདུན་ཕྲག་གཉིས་ལྷག་རིང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༧བཞུགས་སྒར་དུ་ཚོགས་པའི་སྐབས། བོད་ཀྱི་སྲོལ་རྒྱུན་ལྷ་མོའི་སྒྱུ་རྩལ་གྱི་རྣམ་ཐར་ཆེན་པོ་བརྒྱད་སོགས་འཁྲབ་སྟོན་རིམ་པས་གནང་བ་བརྒྱུད། སྤྱི་ཟླ་༤པའི་ཚེས་༢༢ཉིན་གྱི་ཕྱི་དྲོ་བཞུགས་སྒར་བོད་ཀྱི་ཟློས་གར་ཁང་དུ་མཇུག་སྡོམ་མཛད་སྒོ་གནང་བའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས། བོད་ཀྱི་སྲོལ་རྒྱུན་ལྷ་མོའི་སྒྱུ་རྩལ་སྔར་ཡོད་ཀྱི་རྨང་གཞི་སོར་བཞག་གི་སྟེང་། རྣམ་ཐར་རྣམས་གཞོན་སྐྱེས་ཚོས་གོ་ཐུབ་པའི་ཆེད་ལེགས་བཅོས་གནང་རྒྱུར་དགོངས་པ་བཞེས་དགོས་པའི་སྐུལ་མ་གནང་བ་དང་། ལྷ་མོའི་གཞུང་རྣམས་ལ་༧གོང་ས་མཆོག་གིས་སྔ་མོ་ནས་གཟིགས་པ་ཆེན་པོ་གནང་གི་ཡོད་པ་དང་། ང་ཚོར་བོད་ཀྱི་གནའ་བོའི་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་འགན་ཁུར་ཡོད་པར་བརྟེན། ཞོ་སྟོན་རབ་དང་རིམ་པར་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱག་རོགས་ཞུས་ཡོད་པའང་འགྲེལ་བརྗོད་གནང་གི་འདུག

Shoton-27-final-day-22April2024-P2.jpg
བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་དང་སྒྱུ་རྩལ་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ནས། འདི་ལོ་དམིགས་བསལ་གཅིག་ནི་འདས་པའི་ལོ་ངོ་ཉི་ཤུ་རིང་འཁྲབ་མ་མྱོང་བའི་རྒྱལ་བུ་དད་པ་བརྟན་པའི་རྣམ་ཐར་འཁྲབ་ཡོད་པ་དང་། རྒྱལ་བུ་དེ་ནི་སྤྱན་རས་གཟིགས་ཀྱི་སྐྱེས་རབས་སུ་གཏོགས་པ་སོགས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་བོའི་རིང་ནས་ལྷ་མོའི་སྒྱུ་རྩལ་འཁྲབ་སྟོན་གྱི་ལམ་སྲོལ་དར་བ་དེ་བཞིན། ཕྱིས་སུ་ལོ་རེ་བཞིན་འབྲས་སྤུངས་ཞོ་སྟོན་གྱི་སྐབས་དགའ་ལྡན་ཕོ་བྲང་གི་མདུན་ཐང་དང་། ནོར་བུ་གླིང་ག་བཅས་སུ་འཁྲབ་སྟོན་གྱིས་༧གོང་ས་མཆོག་ལ་གཟིགས་འབུལ་ཞུ་བའི་སྲོལ་བཟང་ཡོད་པ་དེ། བཙན་བྱོལ་སྤྱི་ཚོགས་སུའང་རྒྱུན་འཛིན་གྱིས་ལོ་རེའི་ནང་ཐེངས་རེ་འཚོག་སྲོལ་དར་ཡོད་པ་རེད།
ད་དུང་ཚེས་༢༢ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཐེངས་འདིའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༧པར་འཁྲབ་སྟོན་ནང་མཉམ་ཞུགས་གནང་མཁན་གྱི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོའི་རུ་ཁག་བཅུ་ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎