བཙན་བྱོལ་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་མི་ལོ་དྲུག་ཅུ་རེ་བཞི་འཁོར་འདུག

འདི་ཚེས་༡༡ཉིན་སྟེ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་༦༤འཁོར་བའི་དུས་ཆེན་དང་བསྟུན། བོད་ཀྱི་ཟློས་གར་ཚོགས་པའི་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྐབས། སླར་ཡང་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་དབུ་འཛུགས་གནང་བའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་ཀྱི་འགྲན་བསྡུར་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Ajit Nehria)་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སོགས་ལྷན་ཞུགས་གནང་འདུག་ལ། སྐབས་དེར་སྲིད་སྐྱོང་མཆོག་གིས། དབྱར་སྐྱིད་རྐང་བྲོ་གླུ་གཞས་ཀྱི་འགྲན་བསྡུར་དེ་ནི་འགྲན་བསྡུར་ཙམ་མིན་པར། གཞོན་སྐྱེས་ཚོས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལ་ཞབས་འདེགས་སྒྲུབ་བཞིན་པ་མཚོན་ཐུབ་ཅེས་འཁྲབ་སྟོན་པ་ཚོར་བསྔགས་བརྗོད་གནང་ཡོད་པ་རེད།
ཟློས་གར་ཚོགས་པའི་རྔོན་པ་རུ་ཁག་ལ་མཚོན་ན། སྤྱི་ལོ་༢༠༢༡དང་༢༠༢༢ དེ་བཞིན་༢༠༢༣ བཅས་ལོ་གསུམ་བསྟུན་མར་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། རུ་ཁག་དེ་ཉིད་ཀྱི་རུ་དཔོན་བསྟན་འཛིན་ཉི་མ་ལགས་ཀྱིས། ལོ་བསྟུད་མར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་པས། སེམས་ལ་དགའ་ཚོར་བྱུང་བ་དང་ཆབས་ཅིག རུ་ཁག་གཉིས་ཀྱིས་འདས་པའི་ཟླ་བ་གཅིག་ལྷག་རིང་འཁྲབ་སྟོན་དང་འབྲེལ་བའི་སྦྱོང་བརྡར་ཧུར་ཐག་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་སྔར་དང་མི་འདྲ་བར་ད་ལོའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་ཀྱི་འགྲན་བསྡུར་ཁྲོད། འབྲས་དཀར་དང་དགོད་བྲོའི་གཏམ་གླེང་འགྲན་བསྡུར་གནང་ཡོད་པ་དང་། དེ་ནི་དམིགས་བསལ་ཅན་ཞིག་ཡིན་པ་དགོད་བྲོའི་གཏམ་གླེང་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བསོད་ནམས་ཚེ་བརྟན་ལགས་ཀྱིས་ངོ་སྤྲོད་གནང་བ་དང་། དགོད་བྲོའི་གཏམ་གླེང་འགྲན་བསྡུར་དེ་སྤྱི་ཚོགས་ཀྱི་སློབ་གསོ་དང་བོད་ཀྱི་རིག་གཞུང་ལ་ལེགས་སྐྱེས་བཅས་བརྗོད་གཞི་གཉིས་ཀྱི་ཐོག་འཁྲབ་སྟོན་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ད་རེས་འགྲན་བསྡུར་སྐབས་བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་གནས་ཐོག་མཁྱེན་རྒྱ་ལྡན་པའི་གཟུ་དཔང་མི་གྲངས་དགུ་གདན་ཞུ་གནང་འདུག་པ་དང་། རུ་ཁག་གཉིས་ཀྱིས་རྐྱང་གཞས་རེ་དང་། འཁྲབ་གཞས་གསུམ་རེ། དེ་བཞིན་འབྲས་དཀར་དང་དགོད་བྲོའི་གཏམ་གླེང་བཅས་འཁྲབ་སྟོན་གཟིགས་འབུལ་ཞུས་སོང་ལ། མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་ལས་ཐོག་བསོད་ནམས་ཆོས་འཕེལ་ལགས་ཀྱིས། འདས་པའི་མི་ལོ་ཧྲིལ་པོ་༢༠འི་རིང་ཟློས་གར་ཚོགས་པ་དེ་ཉིད་ལ་ཞབས་འདེགས་བསྒྲུབས་པའི་ཆེ་བསྟོད་སླད་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དང་དེ་བཞིན་བསླབ་པ་མཐར་སོན་པའི་བྲོ་པ་གཞོན་པ་རྣམས་ལ་ཕྱག་འཁྱེར་བཅས་གསོལ་སྩལ་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།