བོད་སོག་ཙན་དན་དགོན་ཁུལ་དུ་སྔར་བས་དམ་བསྒྲགས།

སོག་ཙན་དན་དགོན་པའི་ཁུལ་བོད་དོན་ཡི་གེ་གཏོར་བའི་ལས་དོན་རྗེས་ད་ཆ་རྒྱ་ནག་གཞུང་གིས་སྔར་བས་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་རེད།

2012.03.09

༄༅༎ཕྱི་ཟླ་གསུམ་པའི་ཚེས་༤རེས་གཟའ་ཉི་མའི་ཉིན་སོག་ཙན་དན་དགོན་པའི་ཉེ་འདབས་སུ་བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་ཞེས་པའི་ཡི་གེ་མང་པོ་གཏོར་ཡོད་པ་དང། རྒྱ་ནག་གཞུང་གིས་དེའི་ཁུལ་དུ་སྔར་བས་དམ་བསྒྲཌ་ཆེ་རུ་བཏང་ཡོད་པ་རེད།
དེ་རིང་བོད་ཀྱི་བང་ཆེན་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། སོག་ཙན་དན་དགོན་པའི་སྐུ་ཞབས་སྐལ་བཟང་ཚུལ་ཁྲིམས་ལགས་ཕྱི་ཟླ་དང་པོའི་ཚེས་༡༥ ཙམ་ནས་གར་སོང་མེད་པ་གྱུར་བར་བརྟེན་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པར་དོགས་གཞི་བྱེད་ཀྱི་ཡོད་ཅིང༌། དེ་ནི་༢༠༡༡ ལོའི་ཕྱི་ཟླ་༡ པོའི་ཚེས་༡༦ ཉིན་སོག་ཙན་དན་དགོན་པའི་ནང་དུ་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་པའི་སྐབས། དགེ་འདུན་པ་རྣམས་འཁོར་ཞག་ལ་མ་ཕེབས་གོང་རྫོང་གི་སྤྱི་བདེ་མི་སྣས་དགེ་འདུན་པ་ལོ་ན་ཆུང་བ་རྣམས་ཀྱི་ལག་པ་པར་རྒྱབ་ཏེ་ཡིག་ཆ་སྦྱར་འགྲེམས་བྱེད་མཁན་སུ་ཡིན་མིན་རྩད་གཙོད་བྱེད་པའི་སྐབས་སྐུ་ཞབས་སྐལ་བཟང་ཚུལ་ཁྲིམས་ལགས་སུ་དོགས་པ་བྱས་ཡོད་པར་སོང༌། སྐབས་དེར་ཡུལ་མི་རྣམས་ཀྱིས་ཁོང་བྲོས་བྲོལ་ཕྱིན་པར་བསམ་ཏེ་ཕྱིར་བསྒྲགས་ཡང་གང་བྱས་མིན་འདུག་ཀྱང་ཁོང་གར་སོང་མེད་པར་གྱུར་ནས་ཟླ་བ་འགའ་ཤས་འགྲོ་གི་ཡོད་ནའང་ད་དུང་ཁོང་གི་སྐོར་ཙམ་གོ་རྒྱུ་ཐོས་རྒྱུ་མེད་པར་བརྟེན་ས་གནས་མི་དམངས་ཀྱིས་རྒྱ་ནག་གི་ཉེན་རྟོག་པས་ཁོང་ལྐོག་ཏུ་འཛིན་བཟུང་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ད་དུང་སྐབས་དེར་རྒྱ་ནག་གཞུང་གིས་སོག་ཙན་དན་དགོན་པའི་སྐུ་ཞབས་ཆོས་དབྱིངས་བྱམས་པ་ལགས་དང༌། ཆོས་དབྱིངས་བློ་དགའ་ལགས་གཉིས་ལ་ཉིན་གྲངས་༡༠ རིང་འདྲི་རྩད་བཀག་ཉར་བྱས་པ་མ་ཟད། སོག་རྫོང་གི་དགོན་པ་ཆེ་བ་རྣམས་ཀྱི་ནང་ལ་རྒྱ་མིའི་ལས་བྱེད་པ་གསུམ་ནས་ལྔ་བར་དང༌། གྲོང་ཚོའི་ལྷན་ཁང་རེ་རེར་ལས་བྱེད་པ་རེ་རེ་གཏན་སྡོད་བྱེད་བཞིན་ཡོད་པ་རེད། ད་དུང་རྒྱ་ནག་གཞུང་གིས་ཕྱི་ཟླ་དང་པོའི་ཚེས་༡༥ ཉིན་འཛིན་བཟུང་བྱས་པའི་སོག་ཙན་དན་དགོན་གྱི་དགེ་འདུན་པ་ཆོས་དབྱིངས་བློ་རྒྱལ་ལགས་དང། ཆོས་དཔལ་ཟླ་བ་ལགས་གཉིས་ལ་ཕྱི་ཟླ་༢ པའི་ཚེས་ཤར་ཙམ་ནང་མི་སོགས་སུ་གཅིག་གི་ཤེས་རྟོག་གང་ཡང་མེད་པར་གསང་བའི་ཁྲིམས་བཤེར་བྱས་ཏེ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང། ད་ལྟ་ནག་ཆུ་ཁུལ་དུ་བཙོན་འཇུག་བྱེད་བཞིན་ཡོད་པ་དང། ཁོང་གཉིས་འཛིན་བཟུང་བྱེད་དགོས་དོན་ནི། བོད་ཀྱི་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པས་བོད་དོན་ཆེད་རང་ལུས་མེ་བསྲེག་བཏང་བའི་འདྲ་པར་མང་པོ་དྲ་རྒྱའི་ཐོག་ནས་བལྟས་པར་ཉེས་བཙུགས་ཀྱིས་འཛིན་བཟུང་བྱས་པ་ཞིག་ཡིན་པའི་གནས་ཚུལ་བཀོད་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎