༸གོང་ས་མཆོག་ནས་གཞིས་བྱེས་བོད་མིར་གསུང་འཕྲིན་སྩལ་བ།
2009.02.24
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེད་བོད་རིགས་ཡོངས་ལ་ས་གླང་གི་ལོའི་གསར་ཚེས་ལ་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག་ཅིང་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་བྱི་ལོ་དེ་བཞིན་ཆོལ་གསུམ་བོད་ས་ཡོངས་སུ་བོད་རིགས་རྣམས་ཀྱིས་རྒྱ་ནག་གཞུང་གི་དབང་འཛིན་པའི་སྲིད་བྱུས་ལ་ཡི་མ་རངས་བའི་ཞི་བའི་ངོ་རྒོལ་རྒྱབ་ཁྱབ་ཏུ་བྱས་ཡོད།དེར་བརྟེན་བོད་མི་བརྒྱ་ཕྲག་མང་པོའི་ལུས་སྲོག་ཤོར་བ་དང་སྟོང་ཕྲག་མང་པོ་ཞིག་བཙོན་འཇུག་གིས་མནར་གཅོད་མྱོང་དགོས་བྱུང་བ་སོགས་དཀའ་སྡུག་ཚད་མེད་བྱུང་བའི་དབང་གིས་འདི་ལོ་གནམ་ལོ་གསར་ཚེས་སྐབས་རྒྱུན་ལྡན་བཞིན་སྤྲོ་སྐྱིད་བྱ་རྒྱུའི་གོ་སྐབས་ཤིག་གཏན་ནས་མིན་སྟབས་བོད་ཕྱི་ནང་དུ་གནས་པའི་བོད་རིགས་ཚང་མས་ལོ་གསར་གྱི་སྤྲོ་སྐྱིད་མི་གཏོང་བའི་ཆོད་སེམས་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ་དུས་ཚིགས་འདི་སྡིག་སྤོང་དགེ་སྒྲུབ་དང་རྣམ་དཀར་ཚོགས་གསོག་གི་བྱ་བར་འབད་དགོས་པ་སོགས་བཀའ་སྩལ་འདུག
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལམ་ནི་བོད་མི་ཚོའི་དོར་དུ་མེད་པའི་དམ་བཅའ་ཞིག་ཡིན་པས་དེ་ལས་ནམ་ཡང་མ་འགལ་བ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་བཀའ་ནན་རྒྱ་ཁྱབ་གནང་འདུག