པན་ཆེན་སྐུ་ཕྲེང་བཅུ་པའི་དགོངས་རྫོགས་ལ་རྗེས་དྲན་ཞུས་པ།
2009.01.29
༄༅༎པན་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་རྗེས་དྲན་ཞུ་རྒྱུ་འགོ་བཙུགས་ཡོད་འདུག
ཁ་ས་ཕྱི་ཟླ་དང་པོའི་ཚེས་ཉི་ཤུ་བརྒྱད་ཉི་མོ་འདི་བཞིན་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་ཉི་ཤུ་ཐམ་པ་ཧྲིལ་བུ་འཁོར་བའི་དུས་ཚིགས་ཤིག་ཡིན་པ་དང་པན་ཆེན་ཨིར་ཏི་ནིའི་ཞབས་ཞུ་ཚོགས་པ་དང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་བཀྲིས་ལྷུན་པོའི་དགོན་པ་གཉིས་ཐུན་མོང་གི་ཐོག་ནས་ཆོས་ཕྱོགས་ཀྱི་ཞབས་རིམ་གྲུབ་གནང་བས་མ་ཟད་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་གནང་ཡོད་འདུག གསར་འགོད་གསལ་བསྒྲགས་དེའི་ནང་པན་ཆེན་སྐུ་གོང་མས་མཛད་རྗེས་དྲན་གསོ་ཞུ་རྒྱུའི་ཆེད་ཁ་ས་ནས་བཟུང་ལོ་འཁོར་མོའི་རིང་ཆོས་ཕྱོགས་དང་གཞན་ཡང་ཁོང་གིས་བོད་མི་རིགས་དོན་ཕྱག་ལས་གནང་བའི་མཇུག་སྐྱོང་གི་ལས་འགུལ་འདྲ་མིན་ཁག་ཅིག་སྤེལ་གནང་རྒྱུ་ཡིན་ལུགས་བཀོད་ཡོད་པ་རེད། པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་དེ་སྔ་ཕྱི་ལོ་༡༩༦༠འི་ནང་བོད་མིའི་གནས་སྟངས་ཀྱི་སྐོར་ཡིག་འབྲུ་བདུན་ཁྲི་ཙམ་འཁོད་པའི་ཞུ་སྙན་ཞིག་རྒྱ་ནག་གཞུང་ལ་ཕུལ་གནང་བར་བརྟེན་ལོ་ངོ་བརྒྱད་ཙམ་རིང་བཙོན་བཅུག་བྱས་ཡོད་པ་དེ་ནས་རིམ་པས་བཙོན་ཁང་ནས་གློད་བཀྲོལ་བྱུང་བའི་རྗེས་སུ་བོད་ས་ཁྱོན་ཡོངས་སུ་གཟིགས་བསྐོར་ཕེབས་ཏེ་བོད་མིའི་ཆོས་དང་རིག་གཞུང་།འཚོ་བའི་གནས་སྟངས་སོགས་ཡར་རྒྱས་གཏོང་ཐབས་སུ་སྐུ་ངལ་འཛེམས་མེད་སྐྱོན་གནང་མཁན་ཞིག་ལ་ངོས་འཛིན་གྱིས་བོད་མི་ཚོས་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་དང་གུས་བརྩི་ཞུས་ནས་དགོངས་རྫོགས་དུས་དྲན་སྲུང་བརྩི་ཞུས་ཡོད་ཀྱང་རྒྱ་ནག་གཞུང་གི་ཁ་ས་དུས་དྲན་སྲུང་བརྩི་ཞུས་པའི་སྐབས་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་ཁ་བྲལ་བ་ཚོར་གདོང་ལེན་གནང་མཁན་གྱི་མི་སྣ་ཞིག་རེད་ཅེས་གསལ་བསྒྲགས་བྱས་ཡོད་པ་རེད།
གང་ལྟར་དེང་སང་རྒྱ་ནག་རྒྱལ་ས་པེ་ཅིང་ནང་སློབ་གཉེར་གནང་བཞིན་པའི་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྲས་མོ་རིག་འཛིན་དབང་མོ་ལགས་སུ་རོའུ་ཀྲར་གསར་འགོད་པས་དགོངས་རྫོགས་ཉི་མོར་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས་ངའི་ཡབ་དམ་པས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་ཞུམ་པ་མེད་པའི་ཐོག་ནས་སྐུ་ངལ་སྐྱོན་གནང་ཡོད་རེད་ཅེས་གསུངས་འདུག།