བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུར་མཉམ་ཞུགས།
2010.10.03
༄༅༎དེ་རིང་ཕྱི་ཟླ་བཅུ་པའི་ཚེས་༣ ཉིན་གྱི་སྔ་དྲོ་ཆོུད་༩ ནས་ཕྱི་དྲོའི་ཚོུད་༥ པ་བར་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གང་སར་བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་བོད་མི་དམངས་སྤྱི་འཐུས་འོས་འདེམས་ཀྱི་སྔོན་འགྲོའི་འོས་བསྡུ་བྱེད་བཞིན་ཡོད་པ་རེད།
ན་ནིང་བཙན་བྱོལ་བོད་གཞུང་འཆར་འགོད་ལྷན་ཁང་གིས་ན་ནིང་གསར་དུ་བཏོན་པའི་བཙན་བྱོལ་བོད་མིའི་མི་འབོར་བསྡོམས་རྩིས་ནང༌། བཙན་བྱོལ་དུ་ཧ་ལམ་བོད་མི་འབུམ་གཅིག་དང་ཁྲི་གཅིག་ཙམ་ཡོད་པའི་ནང་ནས་ལོ་བཅོ་བརྒྱད་ཡན་མི་འབོར་ཁྲི་དགུ་ཙམ་ཡོད་པ་ངོས་འཛིན་གནང་གི་ཡོད་པ་དང༌། དེ་རིང་རྒྱ་གར་ནང་དུ་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་བོད་མི་གནས་སྡོད་བྱེད་ཡུལ་ཁག་ཚང་མ་དང༌། བལ་ཡུལ་རྒྱལ་ས་གཙོས་པའི་བོད་མི་གནས་སྡོད་ཁག དེ་བཞིན་བྱང་ཨ་མི་རི་ཀ། ཡོ་རོབ་རྒྱལ་ཁབ་ཁག་སོ་སོའི་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་བཅས་ཁྱོན་བསྡོམས་འོས་བསྡུ་འཕེན་ཡུལ་ཁག་ལྔ་བཅུ་ལྔ་དྲུག་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༡༨ ཉིན་འོས་བསྡུའི་དེབ་སྐྱེལ་གྱི་ཉིན་མཐའ་མའུ་དུས་བཀག་གཏན་འབེབས་བྱས་པ་བཞིན། བཙན་བྱོལ་བོད་གཞུང་འོས་བསྡུ་ལྷན་ཁང་གི་གསུང་པར་གཞིགས་ན། ཐེངས་འདིའི་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་ལོ་༡༨ ཡན་དེབ་སྐྱེལ་བྱས་པ་ཁྱོན་མི་གྲངས་བདུན་ཁྲི་དགུ་སྟོང་བཞི་བརྒྱ་བཞི་ཅུ་ཞེ་དགུ་བྱུང་ཡོད་པ་དང༌། དེ་སྔ་༢༠༠༦ ལོའི་འོས་བསྡུའི་སྐབས་དེབ་སྐྱེལ་བྱེད་མཁན་མི་གྲངས་བདུན་ཁྲི་ཉིས་སྟོང་ལྷག་བྱུང་བ་དང་བསྟུན་ན་འདི་ལོ་བདུན་སྟོང་ལྷག་དེབ་སྐྱེལ་བྱེད་མཁན་མང་བ་བྱུང་ཡོད་པ་རེད།