རྒྱ་གར་ནང་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་དང་འཇུ་བཟུང་།
2016.10.14

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་Xi Jinping་རྒྱ་གར་ནང་གཞུང་འབྲེལ་ཕྱོགས་ཕེབས་མ་གནང་བའི་སྔོན་ནས་སྲིད་འཛིན་Xi Jinping་ལ་ངོ་རྒོལ་གནང་མཁན་བོད་མི་མང་པོ་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
དེ་ཡང་འདི་ཟླའི་ཚེས་༡༥་ནས་༡༦་བར་རྒྱ་གར་ལྷོ་ཕྱོགས་Goa་མངའ་སྡེའི་དཔལ་འབྱོར་གྲོང་ཁྱེར་ཆེ་ཤོས་Margao་ནང་སྐོང་འཚོགས་གནང་རྒྱུའི་BRICS་ཚོགས་འདུར། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་Xi Jinping་རྒྱ་གར་ནང་ཕེབས་ཀྱི་ཡོད་པ་དང་། ཕྱི་ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གྲོང་ཁྱེར་Margao་ནང་ཕེབས་པའི་ལྡི་ལིའི་མཐོ་སློབ་གྱི་བོད་རིགས་སློབ་ཕྲུག་༡༡་ཙམ་གྲོང་ཁྱེར་Margao་གི་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་རིམ་བཞིན་དེ་ཉིན་གློད་བཀྲོལ་བཏང་འདུག
དེ་བཞིན་ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་རྒོལ་མཆོང་ལས་འགུལ་སྤེལ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས་དང་། ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་གཙོས་ངོ་རྒོལ་ལས་འགུལ་མི་གྲངས་༡༠༠་ལྷག་ལྡི་ལིའི་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ད་རེས་རྒྱ་ནག་གི་སྲིད་འཛིན་Xi Jinping་རྒྱ་གར་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་དེའི་ཐོག་གྲོང་ཁྱེར་Margao་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། རྒྱལ་ས་ལྡི་ལི་ལ་སོགས་པའི་ས་གནས་ཁག་ཅིག་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་དྲག་པོའི་སྲིད་བྱུས་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲ་བཙུན་ཕྱིར་ཕུད་དང་ གྲ་ཤག་གཏོར་བཤིག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་བཞིན་པ་རེད།
ས་གནས་ཉེན་རྟོག་པར་གྲོང་ཁྱེར་Margao་ནང་སྐོང་འཚོགས་གནང་རྒྱུའི་རྒྱལ་ཁབ་ལྔ་ལས་གྲུབ་པའི་BRICS་ཚོགས་འདུའི་ཐོག་རྒྱ་ནག་གི་སྲིད་འཛིན་Xi Jinping་ཕེབས་འབྱོར་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་དམ་དྲག་དགོས་བ་རྒྱ་གར་གཞུང་འབྲེལ་འབྲེལ་ཡོད་ཚན་པས་སྔ་ས་ནས་བརྡ་ལན་བཏང་ཡོད་པར་བརྟེན་ས་གནས་ཉེན་རྟོག་པས་གཞོན་ནུའི་ལས་འགུལ་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན།