བོད་མི་མང་པོ་ཁྲིན་ཏུའུ་གནམ་ཐང་ནས་འཕུར་བསྐྱོད་བཀག་འདུག


2016.11.29
རྒྱ་ནག་ཁྲིན་ཏུའུ་གནམ་ཐང་། རྒྱ་ནག་ཁྲིན་ཏུའུ་གནམ་ཐང་།
པར་ཚགས།

རྒྱ་ནག་ཁྲིན་ཏུའུ་གནམ་ཐང་ནས་བལ་ཡུལ་ལ་བསྐྱོད་མཁན་བོད་མི་གནས་སྐོར་བ་ཁག་གཅིག་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བཀག་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༢༡་ཉིན་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ཡོད་པའི་བོད་མི་མི་གྲངས་༡༤་ཟི་ལིང་ནས་རྒྱ་ནག་ཁྲིན་ཏུའུ་གནམ་ཐང་བརྒྱུད་བལ་ཡུལ་ལ་འཕུར་བསྐྱོད་བྱེད་སྐབས། ཚེས་༢༢་ཉིན་ཁྲིན་ཏུའུ་གནམ་ཐང་ནས་གློ་བུར་མཚོ་སྔོན་ཕྱོགས་ཀྱི་ལས་བྱེད་མི་སྣ་ཡིན་ཟེར་མཁན་ཁག་གཅིག་ཡོང་ནས་བོད་མི་དེ་ཚོ་ཕྱི་ལ་འཕུར་བསྐྱོད་བྱེད་དུ་མ་བཅུག་པར་བཙན་གྱིས་བཀག་ནས་གནམ་ཐང་ནས་ཕྱི་ལ་ཕུད་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། བོད་མི་དེ་ཚོ་བཀག་འགོག་སྐབས་རྒྱ་ནག་གི་ལས་བྱེད་མི་སྣ་དེ་ཚོས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གནས་སྐབས་ཕྱི་ལ་བསྐྱོད་མི་ཆོག་པས་ཕྱིར་རང་སར་ལོག་དགོས་པ་དང་། དེ་ལྟར་བྱས་ན་ཕྱི་བསྐྱོད་ལག་འཁྱེར་གཞུང་བཞེས་དང་བེད་མེད་གཏོང་རྒྱུ་མིན་པ་ཟད། གནམ་གྲུའི་འཛིན་བྱང་གི་འགྲོ་སོང་ཚང་མ་ཡང་ཕྱིར་སློག་བྱེད་རྒྱུ་ཡིན་ཚུལ་བཤད་ནས། ཕྱིར་ལོག་བྱས་ཡོད་ཀྱང་ཕྱིར་བསྐྱོད་ལག་འཁྱེར་དྲ་ཐོག་ནས་བེད་མེད་བཟོས་འདུག་པ་རྗེས་སུ་ཤེས་རྟོགས་བྱུང་བས་བོད་མི་དེ་ཚོ་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ་བརྗོད་བྱུང་།
ཡང་གནས་ཚུལ་ངོ་སྤྲོད་པས། སྐབས་དེར་ཁྲིན་ཏུའུ་གནམ་ཐང་ནས་ཐད་ཀར་བལ་ཡུལ་ལ་འཕུར་མཁན་ཟི་ཁྲོན་ཕྱོགས་ཀྱི་བོད་མི་ཁག་གཅིག་ཡོད་པ་ཚོ་ཡང་གཅིག་མཚུངས་ཀྱིས་བཀག་འགོག་བྱས་ཡོད་པ་བརྗོད་བྱུང་།
གནས་ཚུལ་ལྟར་ན། ཉེ་བའི་ནང་མདོ་སྨད་ཕྱོགས་ཀྱི་ས་ཁུལ་མང་པོར་རྒྱ་ནག་གི་འབྲེལ་ཡོད་ས་གནས་ལས་བྱེད་ཕྱི་བསྐྱོད་ལག་འཁྱེར་ཡོད་པའི་བོད་མི་ཚོའི་ཁྱིམ་ལ་སོང་ནས་ཕྱིར་བསྐྱོད་ལག་འཁྱེར་ཐོག་ཡུལ་ཚོ་དང་གྲོང་ཚོ་རིམ་པས་རྟགས་ཐམ་རྒྱག་དགོས་པ་དང་། རྟགས་ཐམ་རྒྱབ་རྗེས་འཆཪ་ལོའི་སྤྱི་ཟླ་ལྔ་བ་ཙམ་ལ་ཕྱིར་སྤྲོད་རྒྱུ་ཡིན་ལུགས་སོགས་བྱེད་ཐབས་འདྲ་མིན་སྤྱད་ནས་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་དང་། ཡང་ན་ཕྱི་ཕྱོགས་སུ་བསྐྱོད་ཟིན་པ་ཚོ་གང་མགྱོགས་ཕ་ཡུལ་ལ་ཕྱིར་ལོག་བྱེད་དགོས་པ་ནང་མི་ཚོར་བརྡ་གཏོང་བཞིན་ཡོད་འདུག
བོད་ཚོའི་ཕྱི་བསྐྱོད་ལག་འཁྱེར་ནི་ཁྲིམས་མཐུན་གྱིས་འགྲོ་ལུགས་བརྒྱུད་ནས་བསྒྲུབ་པ་ཡིན་པ་དང་། དེའི་དགོས་པ་གཙོ་བོ་ནི་རྒྱལ་ཁབ་ཕྱི་ལ་བསྐྱོད་ཆོག་པའི་ལག་འཁྱེར་ཡིན་ཡང་། རྒྱ་ནག་གིས་བོད་མི་ཚོ་ཕྱི་ལ་འགྲོ་བསྐྱོད་དང་ལྷག་པར་དུ་མི་རིང་བའི་༢༠༡༧་ལོའི་ཕྱི་ཟླ་༡་ཚེས་༣་ནས་༡༤་བར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་གཏན་ཁེལ་བར་བརྟེན་བོད་མི་ཚོ་བཀག་བསྡོམས་ཆེད་ཡིན་པ་མང་པོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།   

གསར་འགོད་པ་ཀླུ་འབུམ། ཞུ་དག་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎