སཱ་ར་མཐོ་སློབ་ཏུ་བོད་རིག་པའི་བགྲོ་གླེང་ཐེངས་༡༢་པ་འཚོགས་བཞིན་འདུག
2018.08.16
བཞུགས་སྒར་ཉེ་མཁྲིས་སཱ་ར་མཐོ་སློབ་ཏུ་བོད་རིག་པའི་བགྲོ་གླེང་ཐེངས་༡༢་པ་འཚོགས་བཞིན་པ་རེད།
བཙན་བྱོལ་བོད་མིའི་ལྟེ་གནས་རྒྱ་གར་རྡ་རམ་ས་ལའི་ཉེ་མཁྲིས་སུ་ཆགས་པའི་སཱ་ར་བོད་ཀྱི་རིགས་ལམ་སློབ་གཉེར་ཁང་གཞོན་ནུའི་རུ་ཁག་ནས་གོ་སྒྲིག་གནང་སྟེ། བར་ལམ་ནས་ས་ར་མཐོ་སློབ་དུ་བོད་རིག་པའི་བགྲོ་གླེང་གནང་སྲོལ་བཙུགས་ཡོད་པ་བཞིན། ད་ལོ་སྤྱི་ལོ་༢༠༡༨ལོའི་ས་ར་མཐོ་སློབ་ཀྱི་བོད་རིག་པའི་བགྲོ་གླེང་ཐོག་བཙན་བྱོལ་བོད་མིའི་རིག་གནས་སློབ་གསོའི་ཐོག་མཛད་རྗེས་ཆེ་བའི་སྔོན་བྱོན་མི་སྣ་ལ་རྗེས་དྲན་གྱི་བརྗོད་གཞིའི་སྟེང་། དཔལ་གཤེན་བསྟན་སྨན་རིའི་གླིང་དང་། ས་ར་མཐོ་སློབ། ཤེས་རབ་གླིང་དང་།་སྒྲོལ་མ་གླིང་། ཝར་ན་མཐོ་སློབ་དང་ནོར་གླིང་མཐོ་སློབ། རྣམ་གྲོལ་གླིང་དང་ཏཱ་ལའི་བླ་མ་མཐོ་སློབ་བཅས་ཀྱི་མཁས་པས་གསུང་བཤད་གནང་གི་ཡོད་པ་མ་ཟད། བགྲོ་གླེང་བྱེད་མཁན་གྱི་ཁོངས་སུ་བཞུགས་སྒར་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ་ཁག་མང་པོའི་ཤེས་ཡོན་ཅན་ཉམས་ཞུགས་གནང་ཡོད་པ་དང་། སྤྱི་ཟླ་༨པའི་ཚེས་༡༦ཉིན་བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོར། སྐུ་མགྲོན་གཙོ་བོ་བོད་རིག་པ་མཁས་པ་བཀྲ་ཤིས་ཚེ་རིང་ལགས་ཕེབས་ཡོད་ནའང་། ཁོང་གི་གསུང་བཤད་བརྙན་ཕབ་བྱེད་མི་ཆོག་པའི་དགོངས་ཚུལ་གསུང་བ་ལ་བརྟེན་བརྙན་དུ་བླངས་མེད་པ་དང་། དེ་མིན་ས་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས། མཐོ་སློབ་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། དེང་སང་ཕྱི་རྒྱལ་ནས་ཡོང་བའི་བོད་མི་ན་གཞོན་ཚོས་བོད་པའི་སྐད་ཡིག་རིག་གཞུང་ཐོག་དོ་སྣང་ཤུགས་ཇེ་ཆེར་འགྲོ་བཞིན་པའི་ཚོར་བ་བྱུང་ལུགས་ངོ་སྤྲོད་དང་གཏམ་བཤད་གནང་ཡོད།
རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་ར་མཐོ་སློབ་ནི་སྤྱི་ལོ་༡༩༩༨ལོར་གསར་འཛུགས་གནང་བ་དང་། སཱ་ར་མཐོ་སློབ་ཀྱི་བོད་རིག་པའི་བགྲོ་གླེང་འདི་ནི་ཁྱོན་བསྡོམས་ཉི་མ་གསུམ་གྱི་རིང་ལ་གནང་གི་ཡོད་པ་རེད།
གསར་འགོད་པ་བློ་བྷེ།