བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལས་འགུལ་སྣ་ཚོགས་སྤེལ་བ།
2009.02.27
༄༅༎བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་གསར་ཚེས་གཅིག་ཉིན་ནས་བཟུང་བོད་མི་གནས་ཡོད་ས་གནས་གང་སར་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་བྱས་ནས་བོད་མི་མང་པོའི་ཚེ་སྲོག་ཤོར་བ་ཚོར་མྱ་ངན་དང་ད་དུང་ཡང་བོད་མི་མང་པོ་བཙོན་འཇུག་བྱེད་མུས་ཡིན་པ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་བོད་ཀྱི་ལོ་གསར་གཏོང་རྒྱུ་མིན་པའི་ལས་འགུལ་སྤེལ་ནས་བོད་ས་གླང་ལོའི་ལོ་གསར་ཚེས་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་འོག་བོད་མི་ལྔ་ཅུ་ལྷག་ཙམ་གྱིས་ལོ་གསར་ཚེས་གསུམ་བར་བཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་ཡོད་པ་དང་དེ་བཞིན་ལས་འགུལ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལ་ཡང་དུས་གཅིག་ཏུ་སྤེལ་ཡོད་པ་ལྟར་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དྲུག་གིས་གཙོས་པའི་བོད་མི་གསུམ་བརྒྱ་ལྷག་ཙམ་ཞིག་གིས་ཀྱང་བཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཡོད་པ་རེད། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་ལ་ཡང་ཕྱག་ཡིག་ཕུལ་ནས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཐུགས་འཁུར་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད། དེ་བཞིན་ལོ་གསར་ཚེས་གཅིག་གི་དགོང་མོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས་ཐུན་མོང་ཐོག་ནས་ས་གནས་མི་མང་མཉམ་བཞུགས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་ན་ནིང་བོད་ནང་ཞི་བའི་ངོ་རྒོལ་ཁག་ནང་རྐྱེན་འདས་སུ་གྱུར་བའི་བོད་མི་ཚོར་མྱ་ངན་གྱི་མར་མེའི་ཁྲོམ་འཁོར་ཞིག་འགོ་ཁྲིད་གནང་ཡོད་ཅིང་ལོ་གསེར་ཚེས་གཉིས་ཉིན་བཞུགས་སྒར་རྡ་རམ་ས་ལར་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་འཁོར་ཞིག་ཡང་གནང་ཡོད་འདུག དེ་མིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུའི་ནང་ལ་ཡང་བོད་མི་ཁག་ཅིག་གིས་རྒྱ་ནག་གཞུང་ཚབ་ཀྱི་ཐོངས་མཆན་སྤྲོད་སའི་གཞུང་ལས་ཁང་གི་རྒྱལ་སྒོའི་གྱང་གི་ཐོག་བོད་ཀྱི་རྒྱལ་དེར་དང་བོད་རང་བཙན་ཞེས་པའི་སྦྱར་ཡིག་སོགས་བྲིས་ནས་ངོ་རྒོལ་གྱི་རྣམ་འགྱུར་མཚོན་སྟོན་གནང་ཡོད་འདུག།