རྒྱ་ནག་གི་འཁྱོག་བཤད་ལ་ལན་བྱས་པའི་དཔེ་དེབ་སྒོ་འབྱེད།
2008.11.14
༄༅༎བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་རྩོམ་བྲིས་པའི་སྨྱུག་ཚོགས་ཞེས་པས་རྒྱ་ནག་གཞུང་གིས་བོད་ཐོག་དྲང་བདེན་མིན་པའི་འཁྱོག་བཤད་ཀྱི་གནས་ཚུལ་སྤེལ་བ་དང་ལྷག་པར་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐྱོན་བརྗོད་ཞུས་པ།བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་དེ་དག་ལ་ལན་འདེབས་ཀྱི་དེབ་ཅིག་འགོ་འབྱེད་གནང་ཡོད་པ་རེད།
བོད་ཀྱི་སྨྱུག་ཚོགས་ཞེས་པའི་ཚོགས་པ་དེའི་ནང་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡོད་པའི་བོད་པའི་དགེ་རྒན་དང་རྩོམ་བྲིས་པ་སོགས་ཆེད་ལས་པ་ཁག་ལས་གྲུབ་པ་ཞིག་ཡིན་ཞིང་རྒྱ་ནག་གཞུང་གིས་བོད་ཐོག་འཁྱོག་བཤད་བྱས་པ་ཁག་ལ་ལན་འདེབས་བྱས་པའི་དཔེ་དེབ་འགོ་འབྱེད་མཛད་སྒོ་དེ་བཞིན་ཕྱི་ཚེས་བཅུ་གསུམ་ཉིན་བཞུགས་སྒར་རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིང་གཤོངས་སུ་གནང་སྟེ་བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་དང་ཕྱི་སྲིད་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་དགག་ལན་གྱི་དཔེ་དེབ་གཉིས་འགོ་འབྱེད་གནང་ཡོད་པ་རེད། དཔེ་དེབ་སྒོ་འབྱེད་ཀྱི་མཛད་སྒོ་དེའི་ཐོག་ལ་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་ཨ་ལག་འཇིགས་མེད་རིན་པོ་ཆེ་དང་གྲོས་ཚོགས་ཀྱི་འཐུས་མི་ཕེབས་ཡོད་ཅིང༌།བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་བོད་ཀྱི་སྨྱུག་ཚོགས་ཀྱི་ཚོགས་མི་རྣམས་ལ་སྔགས་བརྗོད་དང་ལྷག་པར་དུ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་རྒྱུན་སྲོལ་རྣམས་སྲུང་སྐྱོབ་བྱ་རྒྱུར་མ་འོངས་པའི་གཞོན་སྐྱེས་ཚོར་ཤེས་ཡོན་སྤྲོད་རྒྱུའི་འགན་འཁུར་ཡོད་པ་མ་ཟད་བོད་མིའི་ངོས་ནས་བོད་ཀྱི་གནད་དོན་རྣམས་དྲང་བདེན་དང་འཚེ་མེད་ཞི་བའི་ཐབས་ལམ་ལག་བསྟར་བྱས་པ་བརྒྱུད་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ལས་དོན་མདུན་བསྐྱོད་བྱ་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱ་ཐུབ་པའི་འགན་འཁུར་ལེན་ཐུབ་པ་ཞིག་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད།