བོད་མི་རྩོམ་པ་པོ་ཞོགས་དུང་གློད་འགྲོལ།
2010.10.15
༄༅༎རྩོམ་པ་པོ་ཞོགས་དུང་ངམ་མཚན་ལ་བཀྲ་རྒྱ་ཞུ་བ་ཁ་སྔོན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་བཏང་ལུགས་ཉེས་བཙུགས་ཀྱིས་འཛིན་བཟུང་བྱས་ནས་ཁ་ས་ཕྱི་དྲོ་གློད་བཀྲོལ་བཏང་ཡོདའདུག
ཕྱི་ཚེས་༡༤ཉིན་བེུད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་འཁོད་པ་ལྟར་ན་ འདི་ལོ་ཕྱི་ཟླ་༤པའི་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་བཏང་རྩིས་ཀྱི་ཉེས་བཙུགས་ཐོག་ནས་འཛིན་བཟུང་བྱས་པའི་རྩོམ་པ་པོ་ཞོགས་དུང་ལགས་ཁ་ས་ཕྱི་ཚེས་༡༤ཉན་གྱི་ཕྱི་དྲོ་བཙོན་ཁང་ནས་གློད་འགྲོལ་བཏང་ཡོད་ཚུལ་ཁོང་གི་ཁྲིམས་རྩོད་པ་ལིས་ཧང་ཕེན་གྱིས་བརྗོད་ཡོད་པ་དང་ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་བདེ་ཐང་ཡིན་ཚུལ་ཡང་འགྲེལ་བརྗོད་གནང་ཡོད་འདུག
རྩོམ་པ་པོ་ཞོགས་དུང་ལགས་ཀྱིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་བྱས་པའི་རྗེས་ཁོང་གིས་ས་བྱི་ཞི་བའི་ལས་འགུལ་ཟེར་བའི་དེབ་ཅིག་རྩོམ་བྲིས་གནང་ཡོད་པ་དེ་བོད་ཕྱི་ནང་གཉིས་ཀར་འགྲེམས་ཡོད་ཅིང་ དེའི་ནང་བོད་མི་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་གི་ནང་དོན་གཙོ་བོར་འཁོད་ཡོད་པ་དང་ ད་ལོ་ཕྱི་ཟླ་བཞི་པའི་ནང་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་པའི་སྐབས་རྒྱ་ནག་གི་ཟི་ལིང་གྲོང་ཁྱེར་ནང་ཡོད་པའི་བོད་མི་ཤེས་ལྡན་མི་སྣ་ཁག་ཅིག་གིས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གནོད་འཚེ་ཕོག་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཡོངས་ཁྱབ་ཡི་གེ་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང་ས་རྟགས་འཁོད་ཡོད་པ་དང་ གདུང་སེམས་མཉམ་བསྐྱེད་ཀྱི་ཡོངས་ཁྱབ་ཡི་གེ་དེའི་ནང་ རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་ནས་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་གནས་ཚུལ་ལ་གསང་བ་བྱས་ནས་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་མ་ཟད་ སྲོག་སྐྱོབ་ལས་དོན་ཐོག་འཐུས་ཤོར་བྱུང་ལུགས་སོགས་ཀྱི་ནང་དོན་འཁོད་པར་སོགས་ལ་བརྟེན་ནས་ ཕྱི་ཟླ་བཞི་པའི་ཚེས་༢༣ཉིན་ཁོང་གིས་རྒྱལ་ཁབ་ཁ་བྲལ་གཏོང་རྩིས་བྱས་ལུགས་ཀྱི་ཉེས་བཙུགས་ཐོག་ནས་ ཟི་ལིང་གྲོང་ཁྱེར་གྱི་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་རེད་ འདི་ལོའི་ཕྱི་ཟླ་བདུན་པའི་ཟླ་དཀྱིལ་དུ་འབྲེལ་ཡོད་ཚན་པས་ཁོང་གི་ནང་མི་དང་ཁྲིམས་རྩོད་པར་ཁོང་མྱུར་དུ་ལྟ་ཞིབ་ཁང་དུ་མངགས་གཏོང་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་ད་རེས་གློ་བུར་དུ་ཁོང་གློད་འགྲོལ་བཏང་དགོས་དོན་རྒྱུ་མཚན་གསལ་པོ་མེད་པ་མ་ཟད་གཞུང་ཕྱོགས་ནས་ཀྱང་དེའི་ཐོག་འགྲེལ་བཤད་ཁ་གསལ་གང་ཡང་བྱས་མེད་པ་རེད་