བཙན་བྱོལ་བོད་གཞུང་མང་ཛ་དྲག་ཚོགས་ཆུང་གི་འཚམས་འཕྲིན།
2008.10.08
༄༅༎བཙན་བྱོལ་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ནས་ཉེ་ཆར་བོད་ནང་ས་ཡོམ་གྱི་འབྱུང་བའི་རྐྱེན་ངན་འོག་སྐྱོན་ཆགས་ཕོག་པའི་བོད་ནང་གི་བོད་མི་ཚོར་ཐུགས་གསོའི་འཚམས་འཕྲིན་ཞིག་གནང་ཡོད་པ་རེད་
བཙན་བྱོལ་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ནས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་ཡོད་པ་དེའི་ནང་ བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱབ་ཚོུད་བཞི་དང་ཕྱེད་ཀའི་ཐོག་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འདབས་སུ་གནས་པའི་འདམ་གཞུང་རྫོང་གི་རྒྱལ་རྡར་གྲོང་ཚོའི་ནང་ས་ཡོམ་འགུལ་ཚད་དྲུག་དང་ཚགས་དྲུག་རྒྱབ་པའི་དབང་གིས་གྲོང་ཚོ་དེའི་ནང་འབྱུང་བའི་རྐྱེན་ངན་འོག་གོད་ཆགས་ཤུགས་ཆེ་ཕོག་པའི་ཐོག་ཉེ་འཁོར་རྒྱལ་སའི་གྲོང་ཁྱེར་ནང་དུའང་ས་ཡོམ་གྱི་འགུལ་ཚད་འབྱུང་ཡོད་པ་སོགས་ཀྱི་ཐོག་གོང་ཞུས་ཚོགས་ཆུང་ནས་ཐུགས་གསོའི་འཚམས་འཕྲིན་ཞིག་གནང་ཡོད་པ་རེད་ འཚམས་འདྲིན་དེའི་ནང་ད་རེས་བོད་ཀྱི་འབྲོག་པའི་ས་ཁུལ་དུ་ས་ཡོམ་གྱི་འབྱུང་བའི་རྐྱེན་ངན་འོག་ཚེ་སྲོག་ཤོར་བའི་བོད་མི་ཚོའི་ནང་མི་དང་སྤུན་མཆེད་བཅས་པར་ཐུགས་གསོའི་འཚམས་འཕྲིན་ཞུ་རྒྱུ་དང་ཁོང་ཚོར་གསོལ་བ་སྨོན་ལམ་འདེབས་རྒྱུ་ཡིན་ཞེས་བོད་གཞུང་མང་ཛ་དྲག་ཚགོས་ཆུང་གི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱིས་དེ་རིང་གསལ་སྟོན་གནང་འདུག ཡང་ཁོང་གིས་མུ་མཐུད་གསུང་ན་ད་རེས་ས་ཡོམ་གྱི་འབྱུང་བའི་རྐྱེན་ངན་འོག་གོད་ཆགས་ཕོག་པའི་བོད་མི་ཚོའི་ཆེད་ཐུགས་གསོའི་འཚམས་འཕྲིན་འབུལ་རྒྱུ་དང་སྦྲགས་ཕྱི་ཟླ་བཅུ་པའི་ཚེས་བཅུ་བཞི་འམ་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོ་དུས་གཅིག་ཏུ་གསོལ་བ་སྨོན་ལམ་འདེབས་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད་ བོད་དང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་གཞིགས་ན་ད་རེས་བོད་ཀྱི་འདམ་གཞུང་ཁུལ་དུ་ས་ཡོམ་འགུལ་ཚད་དྲུག་དང་ཚགས་དྲུག་རྒྱབ་ཡོད་པ་དང་དེའི་ནང་ཉུང་ཐར་ཡང་མི་གྲངས་དགུ་ཡིས་ཚེ་སྲོག་ཤོར་ཡོད་པ་དང་ཁང་པ་བརྒྱ་ལྷག་ཙམ་སྐྱོན་བཏང་ཏེ་མི་མང་པོ་ཞིག་ཁང་པའི་འོག་ལུས་བསྡད་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་འདུག