རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་ཡོད་པ།
2009.07.05
༄༅༎རྒྱ་ནག་གཞུང་ཕྱོགས་ནས་དུས་རྟག་ཏུ་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་མི་ཚོས་བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་རྒྱུ་འགོག་ཐབས་བྱེད་བཞིན་ཡོད་པ་ལྟར་ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་བལ་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཏེ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པ་དེར་རྒྱ་ནག་གཞུང་ཧ་ཅང་གི་བློ་འཚབ་བྱུང་སྟེ་བལ་ཡུལ་གཞུང་ལ་བསྐྱར་དུ་གནོན་ཤུགས་སྤྲད་ཡོད་པ་རེད།
དེ་ཡང་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་བཞི་ཡི་གྲོས་ཚོགས་ཀྱི་འཐུས་མི་དྲུག་ཕྱི་ཟླ་དྲུག་པའི་ནང་བཙན་བྱོལ་བོད་གཞུང་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཏེ་ཉིན་གསུམ་རིང་བཞུགས་སྒར་དུ་འཚམས་འདྲིར་གནང་བ་མ་ཟད་ཕྱི་ཚེས་ཉི་ཤུ་གཅིག་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་གཞུང་གི་གནད་ཡོད་དབུ་ཁྲིད་ཁག་ཅིག་དང་མཇལ་འཕྲད་ཞུས་ཡོད་པ་སོགས་ད་རེས་བལ་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་པ་དེ་ནི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པར་བརྟེན་རྒྱ་ནག་ཕྱོགས་ནས་ཧ་ཅང་གི་བློ་འཚབ་ཀྱི་རྣམ་འགྱུར་བཏོན་ཏེ་དེ་སྔོན་བལ་ཡུལ་ནང་དུ་རྒྱ་ནག་གཞུང་ཚབ་ཟུར་པ་ཀྲང་ཅིའུ་ཧོན་འཕྲལ་མ་ཉིད་དུ་བལ་ཡུལ་དུ་བསྐྱོད་དེ་ཟླ་བ་འདིའི་ཕྱི་ཚེས་གཅིག་ཉིན་བལ་ཡུལ་གྱི་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པལ་དང་ཕྱི་སྲིད་བློན་ཆེན་སུ་ཇ་ཊ་ཀོའེ་རེ་ལ་གཞན་ཡང་ཕྱི་སྲིད་དྲུང་ཆེ་སོགས་དང་མཇལ་འཕྲད་ཞུས་ཏེ་བལ་ཡུལ་གྱི་ས་གནས་དང་དེ་བཞིན་བལ་ཡུལ་དང་རྒྱ་ནག་གི་ས་མཚམས་ས་ཁུལ་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་དུ་བཅུག་རྒྱུ་མེད་པའི་རེ་སྐུལ་ཞུས་པ་དང་དེར་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གྱི་ཕྱོགས་ནས་ཀྱང་བལ་ཡུལ་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་དུ་བཅུག་རྒྱུ་མིན་པའི་ཁས་ལེན་བྱས་པའི་གནས་ཚུལ་སྤེལ་ཡོད་པ་རེད།
ཁོང་རྣམས་ཀྱིས་ད་རེས་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་པ་དེ་ཡིས་བཙན་བྱོལ་བོད་མི་ཚོའི་གནས་སྟངས་དངོས་ཡོད་ཤེས་རྟོགས་ཐུབ་པ་བྱུང་ཞེས་དང་ཡང་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་ཚོ་དང་ཁོང་ཚོའི་བར་གྱི་འབྲེལ་ལམ་ཡག་པོ་ཡོད་ལ་མ་འོངས་པར་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ་ལྷག་པར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གནས་མཆོག་ལུམ་བི་ནིར་ཆིབས་བསྒྱུར་བསྐྱང་རྒྱུར་དེ་སྔ་ནས་འབད་བརྩོན་ཞུ་བཞིན་པ་ལྟར་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན། ད་རེས་ང་ཚོ་བལ་ཡུལ་དུ་ཕྱིར་ལོག་བྱས་པའི་རྗེས་བལ་ཡུལ་དུ་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་བསྐྱར་དུ་སྒོ་མོ་འབྱེད་རྒྱུ་དང་བཙན་བྱོལ་བོད་མི་ཚོར་བལ་ཡུལ་དུ་གནས་སྡོད་ཆོག་པའི་ངོ་སྦྱོར་སྤྲོད་དགོས་པའི་སྐོར་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད༎