ཧྥ་རན་སིའི་(musée Guimet)་འགྲེམས་སྟོན་ཁང་གི་མདུན་དུ་བོད་མི་ཚོས་སླར་ཡང་ངོ་རྒོལ་སྐད་འབོད་བྱས་འདུག
ལས་འགུལ་སྐབས་ཡོ་རོབ་དང་ལྷག་པར་དུ་ཧྥ་རན་སིའི་ནང་གནས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གཏམ་བཤད་སྤེལ་གནང་བའི་ནང་། ཁུལ་དེའི་ནང་གི་འགྲེམས་སྟོན་ཁང་དེ་ཡིས་ཉེ་བའི་ཆར་བོད་ཅེས་པའི་མིང་གི་ཐ་སྙད་ལ་འགྱུར་བ་བཏང་བ་དེའི་རྒྱབ་ལྗོངས་དང་། དེས་བོད་པའི་ངོ་བོར་དོ་ཕོག་གཏོང་གཞི་ཆགས་སྲིད་པ་མཁས་པ་ཚོས་སྐྱོན་བརྗོད་གནང་བ་སོགས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་། རྩ་བའི་ལམ་སྲོལ་གཞིར་བཟུང་འགྲེམས་སྟོན་ཁང་གི་ལས་ཁུངས་སུ་ངོ་བཅར་ཞུ་རྒྱུའི་དུས་ཚོད་ཞུས་ཡོད་ཀྱང་། གལ་སྲིད་ཆོག་མཆན་མ་སྤྲད་པ་ཡིན་ན་སྤྱི་འཐུས་རྣམས་འགྲེམས་སྟོན་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ངོ་བོའི་ཐོག་ནས་ལག་འཁྱེར་བླངས་ཏེ་འགྲེམས་སྟོན་ཁང་ནང་འགྲོ་རྒྱུའི་འཆར་གཞི་ཡོད་སྐོར་དང་། ལས་འགུལ་འདི་མུ་མཐུད་ནས་ཡིག་ངག་གཉིས་ཐོག་ནས་སྤེལ་དགོས་གལ་སྐོར་འགྲེལ་བརྗོད་གནང་འདུག

སྐབས་དེར་ད་སྐབས་ཡོ་རོབ་ནང་གཞུང་འབྲེལ་སྐོར་བསྐྱོད་གནང་བཞིན་པ་སྤྱི་འཐུས་དགེ་བཤེས་རྔ་པ་གངས་རི་ལགས་དང་། བསྟན་འཛིན་འཇིགས་བྲལ་ལགས་། ཚེ་རིང་དབྱངས་ཅན་ལགས་གསུམ་ཧྥ་རན་སིའི་ནང་འཚམས་གཟིགས་ཕེབས་པའི་དུས་ཚོད་དང་བསྟུན་ལས་འགུལ་ནང་མཉམ་ཞུགས་གནང་ཏེ་བོད་དོན་གཏམ་བཤད་དང་ལས་འགུལ་བ་ཚོར་བསྔགས་བརྗོད་གནང་ཡོད་འདུག
གཞན་ལས་འགུལ་དེར་བྷ་ར་སིལ་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱང་ཕེབས་ཡོད་པ་མ་ཟད། ཁོང་གིས་གཏམ་བཤད་ནང་སྐབས། ཁོང་གིས་ལས་འགུལ་བ་ཚོར་ལས་འགུལ་མུ་མཐུད་དུ་སྤེལ་བར་བསྔགས་བརྗོད་དང་མཉམ། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་ལས་འགུལ་འདི་སྤེལ་དགོས་བ་དང་སྤེལ་འོས་བ་རེད་ལ། ང་ཚོའི་དགོས་འདུན་མ་འགྲུབ་བར་དུ་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། དོན་གཅོད་ཁང་གི་ངོས་ནས་གཞུང་ལ་ཞུ་གཏུག་དང་འགྲེམས་སྟོན་ཁང་ལ་འབྲེལ་ལམ་ཞུ་དང་ཞུ་མུས་ཡིན། གནད་དོན་འདིའི་ཐད་སྲིད་སྐྱོང་མཆོག་གིས་སེམས་ཚབས་དང་འབྲེལ་འགྲེམས་སྟོན་ཁང་ལ་ཕྱག་འཕྲིན་གནང་བར་བཀའ་ལན་འབྱོར་ཡོད་ཀྱང་བོད་ཀྱི་མིང་ལ་འགྱུར་བ་གཏོང་རྒྱུར་ངོས་ལེན་གནང་མེད་པས་ན་མུ་མཐུད་ལས་འགུལ་སྤེལ་གལ་ཆེ་བ་སོགས་གསུངས་འདུག

ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་དེ་སྔ་(musée Guimet)འགྲེམས་སྟོན་ཁང་ལ་བོད་ཅེས་པའི་མིང་བསྐྱར་གསོ་དགོས་པ་དང་འབྲེལ་འགྲེམས་སྟོན་ཁང་དེའི་འགན་འཛིན་དང་གྲོས་མོལ་དགོས་པའི་ཕྱག་ཡིག་ཅིག་ཕུལ་ཡོད་ཀྱང་། ད་ཆ་ཟླ་བ་གཅིག་ལྷག་ཕྱིན་ཡོད་ཀྱང་ཡ་ལན་གང་ཡང་བྱས་མེད་པར་བརྟེན་ལས་འགུལ་དེ་ལྟར་སྤེལ་བ་ཡིན་ཞེས། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབྱངས་ཅན་ལགས་ཀྱིས་བདུན་ཕྲག་སྔོན་མར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གསར་འགོད་པ། རིག་འཛིན་ཆོས་སྒྲོན། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།