རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་འབྱོར་བར་བོད་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་བྱས་འདུག

2023.03.01
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་འབྱོར་བར་བོད་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་བྱས་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་འབྱོར་བར་བོད་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་སྐབས། ༠༣།༠༡།༢༠༢༣
AFP

དེ་ཡང་འདི་ཚེས་༡ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་ཚོགས་མི་དང་། རོ་ཧི་ནི་ས་གནས་དང་ལྡི་ལི་བསམ་ཡས་གླིང་ས་གནས་ཀྱི་བོད་མི་བཅས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་(G-20)་ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆིན་ཀཱང་(Qin Gang)་ཡོང་བཞིན་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། ལས་འགུལ་བའི་འབོད་སྒྲ་གཙོ་བོ་ནི་བོད་ནང་དུ་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང་། རྒྱ་གར་གཙོས་གཞན་(G-20)་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བོད་གཙོ་བོར་གྱུར་པའི་རྒྱ་ནག་གི་མངའ་འོག་དུ་སྡུག་བསྔལ་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ཚོའི་གནས་སྟངས་ཐད་གླེང་སློང་བྱ་དགོས་པ་སོགས་ཡིན་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་བྱུང་།

Tibetan delhiAP23060297548629.jpg
ཁོང་གིས་མུ་མཐུད་དུ་གསུངས་ན། ད་རེས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་སྐབས་ཁྱོན་ལས་འགུལ་བ་༡༥རྒྱ་གར་གྱི་སྐོར་སྲུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། གནས་ཚུལ་ངོ་སྤྲོད་གནང་སྐབས་ཁོང་ཚོ་གློད་གྲོལ་བཏང་མེད་པས་ཁོང་ཚོ་ག་དུས་གློད་གྲོལ་གཏོང་མིན་གསལ་བོ་མེད་པ། ད་རེས་ཀྱི་ལས་འགུལ་ཐོག་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་གནང་གི་འདུག རིང་མིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་ཡིན་དུས། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོའི་ངོས་ནས་བོད་ནང་ལ་ཡོད་པའི་བོད་མིའི་མངོན་འདོད་སྒྲུབ་ཐབས་སུ་ཚང་མས་འགན་འཁུར་ཆེ་བཞེས་ཐོག་བོད་དོན་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་རྒྱུ་གལ་ཆེན་ཡིན་པ་གསུངས་བྱུང་།
(G-20)་ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟླ་བ་འདིའི་ཕྱི་ཚེས་༡དང་༢བཅས་ཉིན་གཉིས་རིང་འཚོགས་གནང་རྒྱུ་དང་། ལྷན་ཚོགས་དེའི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀཱང་(Qin Gang)་ཡང་མཉམ་ཞུགས་གནང་རྒྱུ་ཡིན་པ་དེ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་(S. Jaishankar)་ལགས་ཀྱིས་མགྲོན་འབོད་གནང་བ་ལྟར་སླེབས་པ་ཞིག་ཡིན་འདུག།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎