རྒྱ་ནག་གཞུང་གི་སྐྱོན་བརྗོད་ནི་ཁུངས་ལུང་མེད་པ་ཞིག་ཡིན།
2009.10.15
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་རྗེས་མ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ཁུལ་དུ་སྔོན་འཆར་གཞིར་བཟུང་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུ་དང་ཡང་ཁུལ་དེའི་ནང་རྒྱ་གར་གྱི་སྲིད་བློན་མཆོག་ནས་འཚམས་གཟིགས་གནང་བར་རྒྱ་ནག་གཞུང་གིས་དགག་པ་སྐྱོན་བརྗོད་བྱས་པ་དེ་ཁུངས་ལུང་མེད་པའི་སྐྱོན་བརྗོད་ཅིག་ཡིན་སྐོར་གསལ་སྟོན་གནང་བཞག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་བ་རྗེས་མའི་ཚེས་བརྒྱད་ནས་བཅོ་ལྔ་བར་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ཁུལ་གྱི་རྟ་དབང་དང་རྡང་ བུང་ཛའེ་ ཨི་ཊ་ན་གར་བཅས་ས་གནས་ནང་ཆོས་འབྲེལ་གྱི་མཛད་འཆར་བསྐྱངས་གནང་མཛད་རྒྱུ་ཡིན་པ་རེད། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་དེ་བཞིན་རྒྱ་ནག་གི་ཁྱབ་ཁོངས་ཡིན་ཚུལ་གྱི་རྩོད་གླེང་ཐོག་ནས་ཁུལ་དེའི་ནང་༸གོང་ས་མཆོག་དང་དེ་བཞིན་རྒྱ་གར་གྱི་གཞུང་འབྲེལ་མཐོ་རིམ་མི་སྣས་གཞུང་དོན་འཚམས་གཟིགས་ཀྱི་ལས་དོན་ལ་དགག་བྱ་དང་སྐྱོན་བརྗོད་བྱེད་སྲོལ་ཡོད་པ་བཞིན་ཉེ་ལམ་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ནས་ཁུལ་དེའི་ནང་ས་གནས་གྲོས་ཚོགས་ཀྱི་འོས་བསྡུའི་ལས་དོན་དང་འབྲེལ་བའི་ཕྱོགས་བསྐྱོད་གནང་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། རྒྱ་གར་གཞུང་ཕྱོགས་ནས་ཨ་རུ་ན་ཅལ་མངའ་སྡེ་དེ་བཞིན་རྒྱ་གར་གྱི་མངའ་ཁོངས་ཆ་ཤས་མངའ་སྡེ་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ས་ཁུལ་ག་འདྲ་ཞིག་ཏུ་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་ནས་འཚམས་གཟིགས་གནང་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་ཅེས་རྒྱ་ནག་གི་སྐྱོན་བརྗོད་ལ་དགག་ལན་བྱས་ཡོད་པ་རེད། གནད་དོན་འདིའི་ཐད་ཨའོཏི་ལུཀ་ཞེས་པའི་རྒྱ་གར་གྱི་དུས་དེབ་ནང་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་མཆོག་གིས་གཏམ་བཤད་ལུངས་འདྲེན་བྱས་པར་རྒྱ་ནག་གཞུང་གིས་བདག་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་ཅིག་ལ་བཀོད་ཁྱབ་གཏོང་རྒྱུའི་དབང་ཚད་ག་ནས་ཡོད་ལ་ ཁུངས་ལུང་མེད་པའི་གནས་ཚུལ་དེ་རིགས་ལ་བདག་སྤྲོད་བྱ་རྒྱུ་འོས་འཚམས་མེད་པ་རེད་ཅེས་གསལ་སྟོན་གནང་བཞག།