སྤྱི་འཐུས་ཚོགས་གཙོ་ཨོསིཀྲོརི་ཡར་གཞུང་དོན་འཚམས་གཟིགས།
2011.11.28
༄༅༎བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨོསིཀྲོརི་ཡའི་གྲོས་ཚོགས་ཀྱི་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་ཡོད་ལས་བྱེད་ཁག་ཅིག་དང་མཇལ་མོལ་གནང་ཡོད་པ་རེད་ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨོསིཀྲིརི་ཡའི་ནང་ཉིན་ ༤ རིང་གི་གཞུང་དོན་འཚམས་གཟིགས་འདིའི་སྐབས་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་རྣམས་པར་ཨོསིཀྲིརི་ཡའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་
སྐབས་དེར་ཁོང་གིས་ཨོསིཀྲིརི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཨེ་ལྦ་ལིཀ་ཀྲེན་སྦ་གར་དང་ མེ་ཌེ་ལིན་པེ་ཏྲོ་ལྦིཀ་དང་ལྕམ་ཇུ་ཌིཐ་ཤ་ལྦེན་ནར་རྣམ་པ་དང་མཇལ་མོལ་གནང་ཡོད་པ་རེད་ དེ་བཞིན་ཁོང་གིས་ཨོསིཀྲིརི་ཡའི་གཞུང་གི་དཔོན་རིགས་རྣམས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་པའི་སྡེ་ཚོགས་ཁག་བདུན་གྱི་འབྲེལ་ཡོད་འགོ་ལས་དང་ཡུལ་དེའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་སྐུ་ཞབས་ཌོ་ཇཀ་དང་མཇལ་མོལ་གནང་ཡོད་པ་རེད་ ཡང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཡུལ་དེའི་གསར་ཤོག་ཁག་ཅིག་དང་གཟུགས་མཐོང་རླུང་འཕྲིན་ཁག་ཅིག་གི་བཅར་འདྲིར་དང་ལེན་གནང་ཡོད་པ་རེད་