རྒྱ་ནག་གཞུང་གིས་བོད་ཐེ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁག་ལ་བརྩི་སྲུང་བྱེད་དགོས་བ་ཨའོསི་ཊིརི་ཡའི་ཕྱི་སྲིད་བློན་ཆེན་གྱིས་གསུངས་འདུག

ཡོ་རོབ་ཁུལ་གྱི་ཨའོསི་ཊིརི་ཡའི་གྲོས་ཚོགས་འཐུས་མི་རྣམས་ལ་དང་བླངས་བོད་དོན་ཞུ་གཏུགས་པ་རྣམས་ཀྱིས་ཞུ་གཏུགས་གནང་རྗེས། ཡུལ་དེའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་(Yannick Shetty)་ལགས་གཙོས་བའི་འཐུས་མི་ཁག་ཅིག་གིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་(Alexander Schallenberg)་ལགས་སུ། བོད་ནང་གི་བོད་ཕྲུག་རྣམས་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བཙན་ཤེད་ཀྱིས་གཏོང་བཞིན་པའི་སྐོར་སྔ་ལོའི་ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་འདྲི་རྩད་གནང་བར་ཕྱི་ཟླ་༢བའི་ཚེས་༢༠ཉིན་ཨའོསི་ཊིརི་ཡའི་(Austria)་ཕྱི་སྲིད་བློན་ཆེན་(Alexander Schallenberg)་ལགས་ཀྱིས་ལན་འདེབས་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བཙན་ཤེད་ཀྱི་ཐོག་ནས་བཅའ་སྡོད་སློབ་གྲྭ་བཙུགས་པ་དང་། རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་པའི་གནས་སྟངས་ཐད་ཤེས་རྟོགས་ཡོད། ཕྲུ་གུ་ཚོར་བཙན་ཤེད་ཀྱིས་ཐོག་ནས་རྒྱལ་གཅེས་སློབ་གསོ་སྤྲོད་པ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁག་ལ་བརྩི་སྲུང་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད། འདི་ལོའི་ཕྱི་ཟླ་དང་པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་༤པ་གནང་སྐབས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་བོད་ནང་ཕེབས་རྒྱུར་རྒྱ་ནག་གཞུང་གིས་མཐུན་འགྱུར་སྦྱར་དགོས་པའི་འབོད་སྐུལ་ཞུ་མཁན་གྱི་ཁོངས་སུ་ང་ཚོའི་རྒྱལ་ཁབ་ཀྱང་མཉམ་ཞུགས་བྱས་ཡོད་པ་གསུངས་འདུག
སྐབས་དེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨའོསི་ཊིརི་ཡའི་ཕྱི་སྲིད་ལས་ཁུངས་སུ་དེ་འབྲེལ་གྱི་དྲི་བའི་ཞོར་དུ་ཨའོསི་ཊིརི་ཡ་གཞུང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་འཆར་ཡོད་མེད་འདྲི་རྩད་བྱས་ཀྱང་ད་བར་ལན་འདེབས་གནང་མ་བྱུང་།
ཨའོསི་ཊིརི་ཡའི་གྲོས་ཚོགས་འཐུས་མི་ཚོས་དྲི་བ་ཁག་༡༤་ཕུལ་བའི་ནང་། ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གིས་བོད་ནང་དུ་བཙུགས་པའི་བཅའ་སྡོད་སློབ་གྲྭ་དེ་དག་ནང་བོད་པའི་སློབ་ཕྲུག་རྣམས་བཙན་ཤེད་ཀྱིས་བཏང་དང་གཏོང་བཞིན་པའི་སྐོར་མཁྱེན་རྟོགས་ཡོད་མེད་དང་། མཁྱེན་རྟོགས་ཡོད་ཚེ་དེ་དག་ག་དུས་ནས་འགོ་བཙུགས་ཡོད་སྐོར། གནད་དོན་དེ་དག་གི་ཐོག་དབུས་གཞུང་ངམ་ཡང་ན་རྒྱ་ནག་ནང་ཡོད་པའི་གཞུང་ཚབ་བོད་ནང་ཕེབས་ནས་ཞིབ་འཇུག་གནང་ཡོད་མེད། ཞིབ་འཇུག་གནང་ཡོད་ཚེ་བཅའ་སྡོད་སློབ་གྲྭ་དེ་དག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བརྩི་མེད་རྡོག་བཏང་ཡོད་མེད་དང་། ནང་གསེས་དྲི་བར་གནད་དོན་དེ་དག་གིས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་གི་ཡོད་མེད། ཨའོསི་ཊིརི་ཡ་དབུས་གཞུང་གིས་གོང་ཞུས་ཀྱི་གནད་དོན་དེ་དག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སྙན་སེང་ཞུས་ཡོད་མེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསུ་ཐན། ལྷོ་སོག་པོ་གཙོས་པའི་རྒྱ་ནག་རྒྱལ་ཡོངས་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་སྤྱི་དང་། ལྷག་དོན་དུ་བཅའ་སྡོད་སློབ་གྲྭ་ཁག་གི་ནང་བོད་ཕྲུག་རྣམས་བཙན་ཤེད་ཀྱི་ཐོག་ནས་བཅུག་སྟེ། བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་གནད་དོན་སེལ་ཐབས་སུ་དབུས་གཞུང་ལ་འཆར་གཞི་ཇི་ཡོད་སོགས་འདྲི་རྩད་གནང་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།