སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་བར་ནང་མོལ་ཚོགས་འདུ་འཚོགས་གཏན་འཁེལ་འདུག

2021.09.15
སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་བར་ནང་མོལ་ཚོགས་འདུ་འཚོགས་གཏན་འཁེལ་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་། ༢༠༡༩
Lhuboom/RFA

ཕྱི་རྒྱལ་གྱི་བདམས་ཐོན་སྤྱི་འཐུས་རྣམ་པ་ལྔས་རེ་འདུན་བཏོན་པ་ལྟར་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་བར་ནང་མོལ་ཚོགས་འདུ་འཚོགས་གཏན་འཁེལ་འདུག
སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་བཅའ་འབུལ་ཕྱོགས་དེ་ཁག་གཉིས་སུ་དབྱེ་ནས་གནང་བའི་རྐྱེན་གྱིས་སྤྱི་འཐུས་རྣམ་པ་ཁག་གཉིས་སུ་གྱེས་ཏེ་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་མ་ཐུབ་པ་དང་། གྲོས་ཚོགས་འཚོགས་མ་ཐུབ་པར་སོང་བཀའ་བློན་ཀྱང་འོས་འདེབས་གནང་མ་ཐུབ་པ་སོགས་ཀྱི་གནས་སྟངས་འོག་ད་བར་ཟླ་བ་གསུམ་དང་ཕྱེད་ཙམ་ཕྱིན་པའི་སྐབས་འདིར། འདི་ཚེས་༡༣་ཉིན་ཡོ་རོབ་བདམས་ཐོན་སྤྱི་འཐུས་གཉིས་དང་། བྱང་ཨ་རིའི་བདམས་ཐོན་སྤྱི་འཐུས་གཉིས། ཨོ་ཊལ་ཨེ་ཤེ་ཡའི་བདམས་ཐོན་སྤྱི་འཐུས་གཅིག་བཅས་སྤྱི་རྒྱལ་གྱི་བདམས་ཐོན་སྤྱི་འཐུས་རྣམ་པ་ལྔ་ཐུན་མོང་གིས་སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་༤༠་ཐམ་པར་ཕྱག་བྲིས་ཤིག་བཏང་ནས། ཕྱག་འབྲེལ་བདམས་ཐོན་སྤྱི་འཐུས་ཡོངས་ནས་ནང་མོལ་ཚོགས་འདུར་ཞུགས་རྒྱུའི་ཐུགས་ཐག་ཆོད་པ་གཞིར་བཟུང་། ནང་མོལ་ཚོགས་འདུ་དེ་ཕྱི་ཟླ་༩་ཚེས་༢༧་རེས་གཟའ་ཟླ་བའི་ཉིན་གྱི་ཚོུད་༩་༣༠་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གང་རུང་ཞིག་ཏུ་འཚོགས་རྒྱུ་དང་། ཚེས་༢༥་ཉིན་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་བཀོད་དགོས་པ་དང་། ཞིབ་ཕྲའི་གནས་ཚུལ་ཐད་ལ་ཚོགས་དྲུང་ལས་ཁུངས་སུ་འབྲེལ་བ་གནང་དགོས་པ་གསལ་འདུག
དེའི་ཐད་ལ་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་སུ་བདམས་ཐོན་ཕྱི་རྒྱལ་སྤྱི་འཐུས་ལྔས་རེ་འདུན་སྟོན་ནས་ཚོགས་འདུ་འཚོགས་རྒྱུ་འདི་གཞུང་འབྲེལ་ཚོགས་འདུ་ཞིག་ཆགས་ཀྱི་ཡོད་མེད་དང་འགྲོ་གྲོན་གཞུང་གིས་གནང་གི་ཡོད་མིན་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུ་སྐབས། ཚོགས་དྲུང་མཆོག་གིས་ནང་མོལ་ཚོགས་འདུ་འཚོགས་འཆར་ཡོད་པའི་ཕྱག་བྲིས་འབྱོར་བ་དེ་དངོས་འབྲེལ་ཡིན་པ་དང་། བདམས་ཐོན་སྤྱི་འཐུས་རྣམ་པར་འབྲེལ་བ་ཞུ་མུས་ཡིན་པ་ལས་གཞན་གང་ཡང་ཞུ་རྒྱུ་མེད་པ་འགྲེལ་བརྗོད་གནང་གི་འདུག
ཡང་བདམས་ཐོན་ཕྱི་རྒྱལ་སྤྱི་འཐུས་ཁག་ཅིག་ལ་ཚོགས་འདུའི་ཐོག་གཙོ་བོ་གྲོས་བསྡུར་ག་རེ་གནང་འཆར་ཡོད་མིན་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་སྐབས་གང་ཡང་གསུང་རྒྱུ་མེད་པ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་གནས་ཚུལ་དེའི་ཐད་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་ཞུ་མཁན་དབུས་གཙང་དང་མདོ་སྨད་བདམས་ཐོན་སྤྱི་འཐུས་ཁག་གཅིག་དང་། ༧གོང་ས་མཆོག་གི་སྐུ་པར་མདུན་དུ་དམ་འབུལ་ཞུ་མཁན་མདོ་སྟོད་དང་ཆོས་བརྒྱུད་བདམས་ཐོན་སྤྱི་འཐུས་ཁག་ཅིག་ལ་བཅར་འདྲི་ཞུས་སྐབས་གང་ཡང་གསུང་རྒྱུ་མེད་པ་དང་། ད་ལྟའི་ཆར་གཙོ་བོ་ནང་ཁུལ་ལྷན་འཛོམས་གནང་རྒྱུ་དེ་གལ་ཆེ་བ་ཆགས་ཡོད་པ་ལས་སྔོན་ཚུད་ནས་གསར་འགོད་པར་གསལ་བཤད་བྱས་ན་ཕན་ཐོག་ཅི་ཡོད་ཞུ་ཚོད་ཁག་པོ་ཡིན་པ་གསུང་གནང་གི་འདུག
གཞི་རྩའི་ཆ་ནས་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་ཚོགས་དུས་དང་པོ་དེ་༢༠༢༡་ཟླ་དྲུག་པའི་ནང་ཚོགས་རྒྱུ་ཡིན་འང་དམ་བཅའ་འབུལ་ཕྱོགས་ཀྱི་དཀའ་རྙོག་དང་འབྲེལ་ནས་ཚོགས་འདུ་ཚོགས་ཐུབ་མེད་པ་དང་། ད་ལྟ་ཕྱི་ཟླ་དགུ་པའི་ནང་འཚོགས་དགོས་བའི་གྲོས་ཚོགས་དེ་ཡང་གནས་སྟངས་ཇི་ཆགས་ཞུ་ཚོད་དཀའ་བ་ཆགས་ཡོད་པ་རེད།

གསར་འགོད་པ། ཨྱོན་བསྟན་འཛིན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎