བསྟན་འཛིན་ཆོས་འཛིན་ལགས་ཀྱིས་སྒུག་ཐོ་ལྟར་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་གནང་སོང་།

2022.02.02
བསྟན་འཛིན་ཆོས་འཛིན་ལགས་ཀྱིས་སྒུག་ཐོ་ལྟར་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་གནང་སོང་། བསྟན་འཛིན་ཆོས་འཛིན་ལགས་ཀྱིས་སྒུག་ཐོ་ལྟར་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་གནང་སྐབས། ༢།༢།༢༠༢༢
TPiE

འདི་ཚེས་༢་རེས་གཟའ་ལྷག་པ་ཉིན། བཞུགས་སྒར་གངས་སྐྱིད་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་མདུན་ནས། སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་ཡོད་པ་དང་། དེའི་རྗེས་ཁོང་མོས་གསར་འགོད་པར། བོད་ཀྱི་ན་གཞོན་ཚོ་ནི་མི་རིགས་ཀྱི་འཐབ་རྩོད་འདི་གསོན་གནས་ཡོང་བར་སྲོག་རྩ་ལྟ་བུ་ཆགས་ཡོད་པས། ན་གཞོན་ནུས་སྟོབས་གོང་འཕེལ་ཐད་ལ་དམིགས་བསལ་གྱི་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་གསུངས་བྱུང་།
དེ་ནི་བོད་མི་མང་དབུས་གཙང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་ཉེ་ལམ་ལ་དྭགས་ལ་སྤྱིར་བདམས་ཐོན་བྱུང་སྟེ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ནས་རྩ་དགོངས་ཞུས་པའི་རྗེས། དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་དམ་འབུལ་ཞུས་ནས་དངོས་སུ་སྤྱི་འཐུས་ཀྱི་ལས་འགན་བཞེས་བ་དང་། ཁོང་མོ་ནི་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་༤༥་ཡོད་པའི་ནང་ནས་ལོ་ན་གཞོན་ཤོས་དེ་ཆགས་ཡོད་པ་དང་། ད་ལྟ་དགུང་ལོ་༢༩་ཡིན་འདུག

Tenzin Choezin sworn in as new MP (1).jpg
༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས། བསྟན་འཛིན་ཆོས་འཛིན་ལགས་སུ་འོས་གྲངས་༧༤༦༨་ཐོབ་ཡོད་པ་དང་། ད་རེས་སྤྱི་འཐུས་ཀྱི་ལས་གནས་ཐོག་ཁོང་མོས་བུད་མེད་ནུས་སྟོབས་གོང་འཕེལ་ཐད་ལ་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ་གསུངས་ཤིང་། ཁོང་མོ་ཚུད་པའི་ད་རེས་སྐབས་༡༧་པའི་བོད་མི་སྤྱི་འཐུས་ནང་ན་གཞོན་མང་པོ་ཞིག་བདམས་ཐོན་བྱུང་ཡོད་པ་དེས་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་མ་ཟད། བོད་མི་ཚོས་གཅིག་སྒྲིལ་གྱི་ཐོག་ནས་བོད་པའི་འཐབ་རྩོད་ནང་མཉམ་ཞུགས་དགོས་པ་འབོད་སྐུལ་གནང་གི་འདུག
བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ནི། བཞུགས་སྒར་རྡ་རམ་ས་ལར་སྐྱེས་ཤིང་། དེ་སྔོན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་མིའི་མདུན་ལམ་སློབ་སྟོན་ཁང་། དེ་བཞིན་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་སོགས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནང་ལས་རིམ་འདྲ་མིན་ཐོག་ཕྱག་ལས་གནང་མྱོང་ཡོད་པ་རེད།
གཞན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པའི་ནང་གསལ་ལྟར་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་བཞིན་སྤྱི་ལོ་༢༠༢༢་ལོའི་སྤྱི་ཟླ་༣་ཚེས་༡༤་ནས་སྤྱི་ཟླ་ ༣ ་ཚེས་ ༡༨ ་བར་ལས་ཉིན་ལྔ་རིང་ཚོགས་གཏན་འཁེལ་ཡོད་པ་མ་ཟད། གྲོས་ཚོགས་ཚོགས་དུས་གསུམ་པ་དེ་ཡང་སྤྱི་ཟླ་༣ པའི་ཚེས་༢༡ ནས་༣༡ བར་ལས་ཉིན་བཅུ་རིང་ཚོགས་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎