བོད་ཀྱི་ཆེད་དུ་ཆིག་སྒྲིལ་གནང་རོགས།
2013.09.04

༄༅༎བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་ཡར་རྒྱས་ཐོན་ཅན་གྱི་འཛམ་གླིང་གི་རྒྱལ་ཁབ་༢༠འི་དབུ་ཁྲིད་ཚོར་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ།
རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ཕམ་ཉེས་ཅན་གྱི་སྲིད་བྱུས་ལ་ཡོ་བསྲང་བྱེད་དགོས་རྒྱུའི་སྐུལ་ལྕག་དང༌། བོད་དོན་ཐོག་མཉམ་རུབ་ཀྱིས་གདོང་ལེན་གནང་དགོས་པའི་འབོད་སྐུལ་ཞུས་འདུག
G-20ཡི་ལྷན་ཚོགས་ཀྱི་སྔ་ནུབ་དེར།བཞུགས་སྒར་དྷ་སར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམ་པ་ཚོར་བོད་ཀྱི་ཆེད་དུ་ཆིག་སྒྲིལ་གནང་ཞེས་དང༌།རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱས་པའི་ལོ་ངོ་དྲུག་བཅུའི་ནང༌།
བོད་མི་ཚོར་ཚད་ལས་བརྒལ་བའི་མནར་གཅོད་བཏང་བ་དང༌། བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེ་དག་འགོག་ཐབས་སུ། ཕྱི་ཟླ་༩ཚེས་༥དང་༦བཅས་ཉིན་གཉིས་ཀྱི་ལྷན་ཚོགས་ཐོག་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་གནང་འདུག དེ་བཞིན་རྒྱ་ནག་གཞུང་གི་མཁྲེགས་བཟུང་སྲིད་ཇུས་ལ་བོད་ནང་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་དང༌། རང་ལུས་མེར་སྲེག་བཏང་སྟེ།རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང༌།རྒྱ་གཞུང་གི་སྲིད་ཇུས་ལ་མི་འདོད་པ་གསལ་སྟོན་བྱས་ཡོད་པར།
G-20 ལྷན་ཚོགས་ཐོག་ཕེབས་པའི་རྒྱལ་ཁབ་དབུ་འཁྲིད་རྣམས་ནས་ངེས་པར་དུ་བོད་ཀྱི་ཛ་དྲག་གནད་དོན་ཐོག་གླེང་སློང་དང་ནོར་འཁྲུལ་གྱི་སྲིད་ཇུས་གསལ་སྟོན་གནང་དགོས་པའི་འབོད་སྐུལ་ལས་འགུལ་ཞིག་རྡ་སར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་སྤེལ་གནང་འདུག
ཚོགས་པ་ལྔ་པོ་དེ་རྣམས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌།བོད་ཀྱི་བུད་མེད་ལྷན་ཚོགས།དགུ་བཅུ་གསུམ་ལས་འགུལ་ཚོགས་པ།བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དང༌།བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་རེད་འདུག།