ཆོས་ཕྱོགས་ཀྱི་ངོ་བོའི་ཐོག་ནས་བོད་ཀྱི་ལོ་གསར་སྲུང་བརྩི།
2009.02.24
༄༅༎རྒྱ་ནག་གི་བཙན་གནོན་འོག་འདས་གྲོངས་སུ་ཕྱིན་པའི་བོད་མི་ཚོ་དང་ད་ལྟའི་བོད་ནང་གི་ཛ་དྲག་གདུག་རྩུབ་ཀྱི་གནས་སྟངས་ལ་གཞིགས་སྟེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ས་གླང་གི་ལོ་གསར་འདི་ཆོས་ཕྱོགས་ཀྱི་ངོ་བོ་ཁོ་ནའི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་ལས་དགའ་དགའ་སྤྲོ་སྤྲོའི་རྣམ་པའི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་མིན་ཞིང་རྒྱ་ནག་གཞུང་གིས་འདི་ལོའི་ནང་སླར་ཡང་བོད་ནང་དུས་ཟིང་ཡོང་སྲིད་པར་དྭོགས་པ་དང་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་པ་པེ་ཅིང་ནས་ཕེ་རན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག་ལ་རྒྱ་ནག་གཞུང་གིས་བོད་ནང་ངོ་རྒོལ་དུས་ཟིང་སྔོན་འགོག་ཆེད་བོད་ཀྱི་མདོ་སྟོད་སྨད་ས་ཁུལ་ཚང་མའི་ནང་དམག་མི་འབོར་ཆེ་ཆེད་རྫོང་བྱེད་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་བོད་ནང་ལོ་གསར་གྱི་དུས་ཆེན་འདི་རྒྱས་སྤྲོས་ལྡན་པའི་ཐོག་ནས་སྲུང་བརྩི་ཞུ་ཐབས་སུ་དངུལ་དང་ཟ་ཆས་མཁོ་སྤྲོད་བྱེད་བཞིན་པའི་ཐོག་གཞས་དང་ཞབས་བྲོའི་བརྙན་འཕྲིན་གྱི་ལས་རིམ་ཆེན་པོ་ཞིག་ཀྱང་གོ་བསྒྲིགས་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཀྲུང་གོའི་བོད་ཅེས་པའི་དྲ་གནས་ཐོག་བོད་ནང་གི་རྒྱ་མིའི་དབང་འཛིན་པ་ཚོས་བོད་མི་དབུལ་པོ་དང་ལས་བྱེད་རྒས་ཡོལ་བ་མི་གྲངས་སྟོང་ཕྲག་བདུན་བཅུ་སྐོར་ལ་ལོ་གསར་གྱི་ཆེད་རྒྱ་མིའི་སྒོར་མོ་བརྒྱད་རྒྱ་རེ་མཁོ་སྤྲོད་བྱས་ཡོད་ལུགས་ཀྱི་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་ངོ་རྒོལ་དུས་ཟིང་མི་ཡོང་བའི་སྔོན་འགོག་གི་ལས་འགུལ་ཇི་ཙམ་བྱེད་བཞིན་ཡོད་མིན་ལ་མ་བལྟོས་པར་ངོ་རྒོལ་མུ་འཐུད་འབྱུང་རྒྱུ་ཡིན་པ་ཧོང་ཀོང་གི་ཚན་རིག་དང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་སྦེ་རི་སོཏ་མེན་གྱིས་ཚོད་དཔག་གནང་བཞིན་ཡོད་འདུག།