བོད་མི་ཞིག་ལ་ངོ་རྒོལ་འགོ་ཁྲིད་པའི་ནག་ཉེས་འོག་བཙོན་བཅུག

བོད་མི་ཞིག་ལ་ཨ་མདོ་རྔ་པ་རྫོང་ཁུལ་སྔ་ལོ་ངོ་རྒོལ་གྱི་ལས་འགུལ་འགོ་ཁྲིད་པའི་ནག་ཉེས་འོག་ལོ་བཞིའི་བཙོན་འཇུག་ཁྲིམས་བཅད་བཏང་འདུག

2009.01.31

༄༅༎ཨ་མདོ་རྔ་པ་རྫོང་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་ས་ཁུལ་དེའི་ནང་ཁོ་པས་སྔ་ལོ་ངོ་རྒོལ་གྱི་ལས་འགུལ་འགོ་ཁྲིད་པའི་ནག་ཉེས་འོག་ལོ་བཞིའི་བཙོན་འཇུག་ཁྲིམས་བཅད་བཏང་ཡོད་པ་རྡ་རམ་ས་ལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག

བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེས་གཟའ་སྤེན་པའི་ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁོངས་གཏོགས་རྔ་པ་རྫོང་གི་དམེར་མུ་ར་གྲོང་སྡེ་ནས་ཡིན་པ་ལོ་ན་སུམ་ཅུ་སོ་གསུམ་ལ་སླེབས་པའི་དབུར་བྱམས་ཚང་ཁྱིམ་ཚང་གི་བུ་ཆོས་འཕེལ་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅོ་ལྔ་དང་བཅུ་དྲུག་བཅུ་བདུན་བཅས་ཉིན་གྲངས་གསུམ་རིང་རྔ་པ་རྫོང་ཁོངས་སུ་སྤེལ་བའི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་ཡོད་འདུག

དང་ཐོག་ཆོས་འཕེལ་ཐོག་ལོ་ངོ་བཅུའི་བཙོན་འཇུག་ཁྲིམས་བཅད་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་ཁོ་པར་དེ་སྔོན་ནག་ཉེས་མེད་སྟབས་ལོ་བཞིར་གཏན་འབེབས་བྱས་པ་ཞིག་ཡིན་འདུག ཁྲིམས་བཅད་དེ་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་མི་དམངས་འབྲིང་རིམ་ཁྲིམས་ཁང་ནས་བཏང་ཡོད་པ་དང་སྐབས་དེར་ཁོ་པའི་ནག་ཉེས་གསལ་བསྒྲགས་བྱས་པའི་ཁོངས་སུ་ཆོས་འཕེལ་གྱིས་ཁྲིམས་དང་འགལ་བའི་ངོ་རྒོལ་གྱི་ལས་འགུལ་འགོ་ཁྲིད་པ་དང་རྫོང་གི་སྤྱི་བདེ་མི་སྣའི་ལས་ཁུངས་འཕྲོག་བཅོམ་དང་གཏོར་བཤིག་བཏང་པ།རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་ལུགས་སོགས་བརྗོད་ཡོད་པ་རེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན་བཀག་ཉར་ཁང་ནང་ཆོས་འཕེལ་ཐོག་ཉེས་རྡུང་ཤུགས་ཆེ་ཕོག་སྟེ་མིག་གཡོན་མར་གནོད་སྐྱོན་ཚབས་ཆེ་བཏང་ཡོད་འདུག སྔ་ལོ་ཕྱི་ཟླ་གསུམ་པའི་ནང་ངོ་རྒོལ་གྱི་ལས་འགུལ་བྱུང་རྗེས་ཟླ་བ་བཞི་ཙམ་རིང་ཆོས་འཕེལ་གྱི་ནང་མིས་ཁོ་པ་གར་ཡོད་རྩད་གཅོད་ཐུབ་མེད་པ་དང་དེ་རྗེས་ཕྱི་ཟླ་བརྒྱད་པའི་ནང་ཁོ་པའི་ནང་མིས་ཆོས་འཕེལ་འབར་ཁམས་རྫོང་གི་བཀག་ཉར་ཁང་ནང་ཡོད་པ་གཞི་ནས་ཤེས་རྟོགས་བྱུང་འདུག ཆོས་འཕེལ་གྱི་ཕ་ཨུར་བྱམས་ལ་ཡང་ཉེན་རྟོག་པས་འདྲི་ཞིབ་བྱས་འདུག ཕྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་རྔ་བ་རྫོང་གི་སྤྱི་བདེ་མི་སྣའི་ལས་ཁུངས་ནས་ཆོས་འཕེལ་གྱི་ནང་མིར་ཁ་པར་འབྱོར་ཏེ་ཕྱི་ཉིན་ཚེས་བཞི་ཉིན་ཆོས་འཕེལ་ཐོག་ཁྲིམས་གཤེར་བྱ་རྒྱུའི་ལན་བརྡ་སྤྲད་ཡོད་འདུག་ཀྱང་ཁྲིམས་ཁང་གི་ནང་ཆོས་འཕེལ་གྱི་ནང་མི་གཉིས་མ་གཏོགས་ཡོང་མི་ཆོག་པའི་བཀོད་སྡོམས་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎