རྒྱ་ནག་ཁྲེན་ཏུ་གྲོང་དུ་བོད་མི་ཞིག་འཛིན་བཟུང༌།

ཨ་མདོ་རྔ་པ་ཁུལ་ནས་ཡིན་པའི་བོད་མི་ཞིག་ཉེ་ཆར་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ཁྲེན་ཏུ་གྲོང་ཁྱེར་ནང་ནས་འཛིན་བཟུང་བྱས་ཡོད་པའི་སྐོར།

2010.10.05

༄༅༎བོད་ཀྱི་ཨ་མདོ་རྔ་པ་ཁུལ་ནས་ཡིན་པའི་བོད་མི་ཞིག་ཉེ་ཆར་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་གྲན་རྡུ་གྲོང་ཁྱེར་ནང་ནས་འཛིན་བཟུང་བྱས་ཡོད་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་ཕ་ཡུལ་དྲ་རྒྱའི་གསར་འགྱུར་ཐོག་གནས་ཚུལ་སྤེལ་བཞག

དེ་ཡང་དྲ་རྒྱ་དེའི་ནང་དུ། བོད་ཀྱི་ཨ་མདོ་རྔ་པ་ཁུལ་གྱི་བོད་པའི་སློབ་གྲའི་དགེ་རྒན་གནང་མཁན་དང༌། དེང་རབས་ཀྱི་ང་ཞེས་འབོད་པའི་བོད་ཀྱི་དུས་དེབ་ཀྱི་རྩོམ་བྲིས་པ་ཇོ་ལེབ་ཟླ་བ་ལགས་ཕྱི་ཟླ་བཅུ་པའི་ཚེས་༡ཉིན་རྒྱ་ནག་གཞུང་གིས་ཁྲེན་ཏུ་གྲོང་ཁྱེར་ནང་ནས་འཛིན་བཟུང་བྱས་ཡོད་པ་དང༌། ད་ལྟའི་འཆར་འཛིན་བཟུང་བྱས་པའི་ནག་ཉེས་ག་རེ་ཡིན་པ་ངེས་གཏན་གསལ་པོ་ཞིག་ཤེས་རྟོགས་མེད་པའི་གནས་ཚུལ་བཞུགས་སྒར་རྡ་རམ་ས་ལའི་ཀིར་ཏི་གྲ་ཚང་གི་དགེ་འདུན་པ་ཚེ་རིང་ལགས་ཀྱིས་མཁོ་སྤྲོད་གནང་བ་ལུང་འདྲེན་བྱས་ཡོད་པ་རེད། ཡིན་ནའང་སྐུ་ཞབས་ཚེ་རིང་ལགས་ཀྱི་ངོས་ནས། ཇོ་ལེབ་ཟླ་བ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དེ་དུས་དེབ་དེ་དང་འབྲེལ་བ་ཡོད་པ་དང༌། དུས་དེབ་དེའི་རྩོམ་བྲིས་པ་ཕྱག་རོགས་གཉིས་རྒྱ་ནག་གཞུང་གིས་སྔོན་ནས་འཛིན་བཟུང་བྱས་ཏེ་མུ་མཐུད་ནས་དོ་དམ་བཀག་ཉར་བྱེད་བཞིན་ཡོད་པའི་གནས་སྟངས་ནས་ཁོང་གི་ནག་ཉེས་ནི་དུས་དེབ་དེ་དང་འབྲེལ་བ་ཡོད་པ་ངོས་འཛིན་གནང་གི་ཡོད་ཅེས་གསུང་བཞག

དགུང་ལོ་༣༨ཡིན་པའི་ཇོ་ལེབས་ཟླ་བ་ལགས་ནི། རྒྱ་ནག་གཞུང་གིས་དེ་སྔོན་ཡང་འཛིན་བཟུང་བྱས་ཏེ་ཟླ་བ་གཅིག་ཙམ་བཀག་ཉར་ཁང་དུ་དོ་དམ་བྱེད་མྱོང་ཡོད་པ་དང༌། དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཨམ་ར་ལྦ་ཏི་དུ་གསུང་ཆོས་སྐབས་འཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ནང་དུ་སེམས་ཅན་གྱི་པགས་པའི་གྱོན་ཆས་དང་དོད་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་བཀའ་སློབ་ཕེབས་པའི་རྗེས། ཇོ་ལེབས་ཟླ་བ་ལགས་ཀྱིས་པགས་པ་མེར་བསྲེགས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་ལས་དོན་ནང་གཙོ་བོའི་ཐེ་ཇུས་ཡོད་པའི་ཉེས་འཛུགས་བྱས་པ་ཞིག་ཡིན་པ་རེད། དེ་རྗེས་༢༠༠༨ལོར་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་རྗེས། ཁོང་བསྐྱར་དུ་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༦ཉིན་འཛིན་བཟུང་བྱས་ཏེ་ཟླ་བ་འགའ་ཤས་རིང་དོ་དམ་བཀག་ཉར་བྱས་པ་མ་ཟད། ཁོང་གི་བཟའ་ཟླས་གཉེར་བཞིན་པའི་དཔེ་དེབ་ཀྱི་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེ་ཡང་རྒྱ་མིའི་ཉེན་རྟོག་པས་བཙན་འཕྲོག་བྱས་པ་དང་དཔེ་དེབ་རྣམས་གཞུང་བཞེས་བཏང་བའི་གནས་ཚུལ་བཀོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎