ཨ་རིའི་ནང་བོད་མི་ཨ་རི་བ་ཁྲིམས་དཔོན་ཐོག་མ་ཚེ་རིང་ཀོར་ནེལ་ལགས་ཀྱིས་དམ་འབུལ་ཞུས།

འདི་ཟླའི་ཚེས་༡གཟའ་པ་སངས་ཉིན། ཨ་རིའི་ཝ་ཤིན་ཀྲོན་མངའ་སྡེའི་(Clark)་རྫོང་གི་ཁྲིམས་དཔོན་ལྕམ་(Jennifer Snider)་དང་(Camara Banfield) དེ་བཞིན་(Suzan Clark)་ བཅས་ཀྱིས་གཙོ་སྐྱོང་འོག་ཚེ་རིང་ཀོར་ནེལ་ལགས་ཀྱིས་(Clark)་རྫོང་གི་ཁྲིམས་དཔོན་གྱི་དམ་འབུལ་གནང་ཡོད་པ་དང་། ཁོང་ནི་ཨ་རིའི་(Washington)་མངའ་སྡེའི་རྗོང་ཞིག་གི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆགས་པ་ཨེ་ཤེ་ཡའི་མི་རིགས་ཐོག་མ་དེ་ཡིན་པ་དང་། ལྷག་དོན་དུ་བོད་མི་ཞིག་བསྐོ་བཞག་གནང་བ་ཡང་ཐོག་མ་དེ་ཆགས་པ་ཡོད་པ་ལྟར། ཁོང་གིས་དམ་འབུལ་མཛད་སྒོ་གནང་སྐབས། དེ་ནི་ཁོང་སྐུ་སྒེར་ཙམ་མིན་པར་བོད་པའི་སྤྱི་ཚོགས་ཡོངས་ཀྱི་དགའ་སྤོབས་ཞིག་ཡིན་ལ། འདིས་བོད་མི་གཞོན་སྐྱེས་ཚོའི་མིག་དཔེར་གྱུར་ནས་ང་ཙམ་མ་ཡིན་པར་ཆེད་ལས་མི་སྣ་མང་ཙམ་ཐོན་པའི་རེ་བ་ཡོད་ལ། ཁོང་གིས་ཁྲིམས་དཔོན་གྱི་ལས་ཡུན་རིང་གང་ཐུབ་ཅི་ཐུབ་ཀྱིས་སྤྱི་ཚོགས་ལ་ཕན་པའི་ཞབས་འདེགས་བསྒྲུབ་རྒྱུ་དང་། ཕ་མ་གཉིས་ཀྱི་གཙོས་ནང་མི་རྣམས་ཀྱིས་ལམ་སྟོན་གནང་བའི་ལེགས་པའི་ཡོན་ཏན་རྣམས་བེད་སྤྱོད་ངེས་པར་དུ་གནང་གི་ཡིན་པ་གསུངས་འདུག
ཚེ་རིང་ཀོར་ནེལ་(Tsering Cornell)་ལགས། ཨ་རིའི་ནུབ་བྱང་མངའ་སྡེ་ཝ་ཤིན་ཀྲོན་གྱི་སྲིད་སྐྱོང་(Jay Inslee)་ལགས་ཀྱིས་འདི་ལོའི་ཕྱི་ཟླ་༥ཚེས་༡༡ཉིན་(Clark)་རྫོང་གི་ཁྲིམས་དཔོན་(ScottCollier)་ལགས་ཀྱི་ཚབ་ཏུ་བསྐོ་བཞག་གནང་བ་ཡིན་པ་རེད།
དགུང་ལོ་༤༠ལ་ཕེབས་པའི་ཚེ་རིང་ཀོར་ནེལ་ལགས་ནི་ཨ་རིའི་(Oregon)་མངའ་སྡེའི་གྲོང་ཁྱེར་(Astoria)་ནང་འཁྲུངས་པ་དང་། (Dartmouth)་ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བ་དང་དེ་ནས་གཙུག་ལག་རབ་འབྱམས་པའི་སློབ་གཉེར་དེ་བཞིན་(California)་མངའ་སྡེའི་ནང་རྟེན་གཞི་གནང་བའི་(Alliant)་གཙུག་ལག་སློབ་གཉེར་ཁང་ནས་གནང་འདུག ཕྱིས་སུ་ཁོང་ཁེ་ལི་ཧྥོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ཀྱི་ཕྱག་འཁྱེར་བཞེས་ཏེ་ད་བར་གཞི་རིམ་དགེ་རྒན་དང་ཝ་ཤིན་ཀྲོན་མངའ་སྡེའི་རྒྱལ་ས་(Olympia)འི་ཁྲིམས་དོན་སྤྱི་ཁྱབ་དང་དྲུང་ཆེ་བཅས་གནང་འདུག་ལ་(Clark)་རྫོང་གི་དང་བླངས་ཁྲིམས་རྩོད་ལས་དོན་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། ཨ་རིའི་ནུབ་བྱང་བོད་ཀྱི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཀྱང་གནང་མྱོང་འདུག
རེས་གཟའ་པ་སངས་ཉིན་ཚེ་རིང་ཀོར་ནེལ་ལགས་ཀྱིས་ཁྲིམས་དཔོན་གྱི་དམ་འབུལ་མཛད་སྒོའི་སྐབས་ཁོང་གི་སྐུ་ཟླ་(Benjamin Cornell)་དང་། ཁོང་གཉིས་ཀྱི་བོུ་བསྟན་འཛིན་ལགས་དང་ཚ་མོ་ཉི་མ་ལགས་སོགས་མཉམ་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།