བོད་མིའི་རང་དབང་གི་དཔལ་འབར་ཨིན་ཌི་ཡ་ན་དུ་འབྱོར་རྒྱུ།
2008.05.31
༄༅༎བོད་མིའི་རང་དབང་གི་དཔལ་འབར་དེ་བཞིན་ཟླ་བ་རྗེས་མའི་ཚེས་ ༣ ཉིན་ཨ་མི་རི་ཀའི་མངའ་སྡེ་ཨིན་ཌི་ཡ་ནའི་གྲོང་ཁྱེར་སྦུ་ལུང་མིང་ཊོན་ནང་འབྱོར་བའི་སྐབས་སུ་བོད་དོན་དང་འབྲེལ་བའི་རྐང་འཁོར་སྐོར་བསྐྱོད་གནང་འཆར་འདུག
གོང་ཞུས་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཁང་ནས་གནས་ཚུལ་སྤེལ་དོན་ལྟར་ན་ བོད་མིའི་རང་དབང་གི་དཔལ་འབར་དེ་བཞིན་ཕྱི་ཟླ་ ༦ པའི་ཚེས་ ༣ ཉིན་ཨ་མི་རི་ཀའི་མངའ་སྡེ་ཨིན་ཌི་ཡ་ནའི་གྲོང་ཁྱེར་སྦུལུང་མིང་ཊོན་ནང་འབྱོར་སྐབས་ གྲོང་ཁྱེར་དེའི་ནང་བོད་དོན་ཆེད་རྐང་འཁོར་སྐོད་བསྐྱོད་ལས་འགུལ་སྤེལ་རྒྱུའི་ནང་སྐུའི་གཅེན་པོ་སྟག་ཚེར་རིན་པོ་ཆེ་མཆོག་གི་སྲས་ཀུན་དགའ་ནོར་བུ་མཆོག་དང་འཇིགས་མེད་ནོར་བུ་རྣམ་གཉིས་ལྷན་བཞུགས་གནང་རྒྱུ་ཡིན་པ་རེད་ དེ་ནས་ཕྱི་ཚེས་ ༤ ཉིན་མཱའར་ཊིན་སི་ཝིལ་གྲོང་ཁྱེར་ནས་རྐང་འཁོར་སྐོར་བསྐྱོད་གནང་ནས་ སྦུལུང་མིང་ཊོན་ནང་ཡོད་པའི་སོག་པོའི་དགོན་པ་བར་ཕེབས་ཏེ་ ཉིན་དགུང་ཙམ་ལ་བོད་མིའི་རང་དབང་གི་དཔལ་འབར་དེ་བཞིན་སྐུའི་གཅེན་པོ་སྟག་ཚེར་རིན་པོ་ཆེ་ཡི་ཕྱག་ཏུ་འབུལ་བཞེས་ཀྱི་མཛད་སྒོ་གནང་རྒྱུ་དང་དེའི་དུས་སུ་སྲས་རྒན་ཤོས་ལྷུན་གྲུབ་ནོར་བུ་མཆོག་ཀྱང་ཕེབས་འཆར་ཡོད་འདུག ཡང་ཉིན་དེའི་ཕྱི་དྲོར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་གྲོང་ཁྱེར་སྦུལུང་མིང་ཊོན་གྱི་ཁྲིམས་ཁང་མདུན་ཚང་འཛོམས་གནང་ནས་བེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནང་རྒྱ་མིའི་སློབ་ཕྲུག་ཚོས་རྒྱ་ནག་ནང་མང་གཙོ་དགོས་པའི་ལས་འགུལ་སྤེལ་བའི་ལོ་འཁོར་དུས་དྲན་སྲུང་བརྩི་ཞུ་འཆར་ཡོད་འདུག གོང་ཞུས་ལས་འགུལ་ཁག་ནི་རྒྱལ་སྤྱིའི་བོད་རང་དབང་ལས་འགུལ་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པའི་གནས་ཚུལ་འདུག།