ཧོང་ཀོང་དུ་རྟ་རྩལ་འགྲན་བསྡུར་སྐབས་ཀྱི་དམ་བསྒྲགས་སྐོར།
2008.07.18
༄༅༎རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་རྟ་རྩལ་འགྲན་བསྡུར་བྱེད་སྒོའི་སྐབས་བོད་ཀྱི་རྒྱལ་དར་དང་ངོ་རྒོལ་གྱི་ཡིག་རིགས་བྲིས་པའི་སྟོད་གོས་དང་མཚོན་དོན་བཏགས་རྒྱུའམ་འཁྱེར་མི་ཆོག་པའི་བཀག་འགོག་ནན་པོ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
བཀག་འགོག་སྒྲིག་སྲོལ་དེའི་ནང་རྟ་རྩལ་གྱི་འགྲན་བསྡུར་དེའི་ནང་ལ་མཉམ་ཞུགས་བྱེད་མཁན་གང་ཞིག་གིས་རྒྱལ་ཁབ་མཚོན་དོན་བྱེད་པའི་རྒྱལ་དར་རིགས་ཡོངས་རྫོགས་བཀག་འགོག་བྱ་རྒྱུ་ཡིན་ཞིང༌། ཧོང་ཀོང་གི་འབྲེལ་ཡོད་རྟ་རྩལ་འགྲན་བསྡུར་གོ་སྒྲིག་བྱེད་མཁན་ནས་བཤད་དོན། ངོ་རྒོལ་གྱི་ལས་འགུལ་རིགས་དང་ཆབ་སྲིད་ཀྱི་དྲིལ་བསྒྲགས་རིགས་རས་དར་དང་དུག་ལོག། དེ་མིན་གྱི་རྩེད་འགྲན་གྱི་མཁོ་ཆས་ཐོག་ལ་བྲིས་པ་ཡོད་ཚེ་ཆ་ཚང་བཀག་འགོག་བྱ་རྒྱུ་ཡིན་པ་མ་ཟད། རྩེད་འགྲན་པ་གང་ཞིག་གིས་སྒྲིག་སྲོལ་དང་འགལ་འཛོལ་བྱས་པ་ཡིན་པའི་ནག་ཉེས་འོག་ཕྱིར་འབུད་གཏོང་གི་ཡིན་ཞེས་བཤད་ཡོད་པ་རེད།
ཧོང་ཀོང་ནང་གི་རྟ་རྒྱུགས་ཀྱི་འགྲན་བསྡུར་བྱེད་སྒོའི་བདེ་འཇགས་ཀྱི་ལས་དོན་འབྲེལ་མཐུད་གནང་མཁན་ ཇོན་སྦི་རིན་ ཞུ་བས་ཧོང་ཀོང་དུ་གསར་འགོད་པར་གསུང་དོན། རྟ་རྩལ་འགྲན་བསྡུར་དེའི་ནང་མཉམ་ཞུགས་གནང་མཁན་རྩེད་འགྲན་པ་མང་ཆེ་བས་རྩེད་འགྲན་གྱི་དམིགས་ཡུལ་དང་སྤྲོ་སྣང་ཆུད་ཟོས་སུ་མ་བཏང་བའི་རེ་བ་གནང་གི་ཡོད་པའི་སྐོར་གསུང་ཡོད་པ་རེད། རྩེད་འགྲན་གོ་སྒྲིག་གནང་མཁན་ཚོས་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་ནང་གི་རྟ་རྒྱུགས་འགྲན་བསྡུར་གྱི་བྱེད་སྒོ་དེ་ནི་པེ་ཅིང་ནང་བྱ་རྒྱུ་མ་ཡིན་པར་ཧོང་ཀོང་གི་ས་ཁུལ་དུ་བྱ་རྒྱུའི་རྒྱུ་མཚན་ནི་ཧོང་ཀོང་ནང་དུས་རྒྱུན་ནས་རྟ་རྩལ་འགྲན་བསྡུར་བྱ་རྒྱུ་ཧ་ཅང་གི་དབྱིངས་དང་དོ་སྣང་ཆེན་པོ་ཡོད་པར་བརྟེན་ རྟའི་ན་ཚ་དང་སྨན་བཅོས་སོགས་ཐབས་ལམ་ལ་ཉམས་མྱོང་ལྡན་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།