བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྐོར།
2009.12.26
༄༅༎བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དེ་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བདུན་ནས་ཉི་ཤུ་དགུ་བར་འཚོགས་གཏན་འཁེལ་བ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག།
ཚོགས་ཆེན་འགོ་འཛུགས་སྐབས་འབྲེལ་ཡོད་ཤེས་རིག་བཀའ་བློན་ནས་ཚོགས་འདུའི་ངོ་བོ་དང་དམིགས་ཡུལ་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་སྤྱི་འཐུས་ཚོགས་གཙོ་དང་བཀའ་བློན་ཁྲི་པ་མཆོག་ནས་ཀྱང་གསུང་བཤད་གནང་རྒྱུ་ཡིན་འདུག་ཅིང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དབུ་འབྱེད་མཛད་པ་དང་ལྷན་བཀའ་སློབ་བཀའ་དྲིན་ཆེ་རྒྱུ་ཡིན་འདུག།
ཚོགས་མཐུན་དང་པོའི་སྐབས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་སྤྱི་དང་ལྷག་པར་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་ཁག་གི་ཐོག་བཀའ་ཤག་གི་ལམ་སྟོན་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག་ཅིང་ཚོགས་མཐུན་གཉིས་པར་ཕྱི་ལོ་ཉིས་སྟོང་གསུམ་ལོར་ཚུགས་པའི་ཤེས་རིག་ཚོགས་ཆེན་ཐེངས་གསུམ་པ་དང་ཉིས་སྟོང་ལྔ་ལོར་ཚོགས་པའི་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་སྐབས་ཀྱི་གྲོས་ཆོད་དང་དགོངས་འཆར་ཁག་ལག་བསྟར་ཇི་ཞུས་སྐོར་སྙན་ཐོ་སྒྲོགས་སྦྱངས་དང་དེའི་ཐོག་དྭོགས་འདྲི་བཀའ་ལན་གནང་རྒྱུ་ཡིན་འདུག།
ཚོགས་མཐུན་གསུམ་པའི་སྐབས་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་གྲོས་གཞི་དོན་ཚན་ཁག་དང་ཚོགས་ཆུང་གི་ལས་དོན་བྱ་ཕྱོགས་ངོ་སྤྲོད་གནང་རྒྱུ་ཡིན་འདུག།
ཕྱི་ཚེས་ཉི་ཤུ་བརྒྱད་ཉིན་ཆ་བགོས་བྱས་པའི་ཚོགས་ཆུང་སོ་སོའི་ནང་ཚོགས་འདུའི་གྲོས་གཞི་ཁག་གི་ཐོག་བགྲོ་གླེང་བྱས་མཐར་ཚོགས་ཆུང་ཁག་གི་གྲོས་ཆོད་ཡིག་ཆ་གཏན་འབེབས་གནང་རྒྱུ་དང་ཕྱི་ཚེས་ཉི་ཤུ་དགུ་ཉིན་ཚོགས་ཆུང་ཁག་གི་གྲོས་ཆོད་རྣམས་མང་མོས་ཀྱིས་ཕྱོགས་བསྡོམས་གནང་སྟེ་ཚོགས་ཆེན་གྱི་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག།