བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ཐབས་ཚུལ་གང་ལའང་མཐུན་འགྱུར་རྒྱབ་སྐྱོར་ཞུ་ངེས་ཡིན་པ་གསལ་སྟོན།
བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་དང་མཉམ་དུ་བཅའ་ཁྲིམས་ཀྱི་ལས་བགོས་གཞིར་བཟུང་བོད་སྤྱི་པའི་རྩ་དོན་དང་མང་ཚོགས་ཀྱི་བདེ་དོན་ཐོག་ཐུན་མོང་གིས་འབད་བརྩོན་བྱེད་རྒྱུའི་གྲ་སྒྲིག་དང་ཆོད་སེམས་བརྟན་པོ་ཡོད་པ་མང་གཙོའི་དུས་ཆེན་ཐེངས་༦༡་པའི་ཐོག་གསུངས་སོང་།
བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སྤྱི་ལོ་༡༩༦༠་ལོར་མང་གཙོའི་ལམ་ལུགས་དབུས་བརྙེས་ནས་ད་བར་མི་ལོ་ཧྲིལ་བོ་༦༡་འཁོར་བའི་དུས་དྲན་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། སྤྱི་ཟླ་༩་པའི་ཚེས་༢་ཉིན་སྲུང་བརྩི་གནང་ཡོད་པ་རེད།
གཞུང་འབྲེལ་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་སོགས་དང་གཞུང་ཞབས་ཆེ་ཕྲ་ལྷན་ཞུགས་གནང་ཡོད་པའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་སྐབས། སྤྱི་ལོ་༡༩༦༠་ཟླ་༢་ཚེས་༣་ཉིན་བཙན་བྱོལ་བོད་མི་རྣམས་རྡོ་རྗེ་གདན་དུ་འཛོམས་ཏེ་མནའ་གན་མཐུ་མོ་ཆེ་འབུལ་སྐབས། ༧གོང་ས་མཆོག་གིས་མང་གཙོའི་གཞུང་ཞིག་འཛུགས་རྒྱུའི་དགོངས་དོན་འོག ལོ་དེའི་ཟླ་༩་ཚེས་༢་ཉིན་ཆོལ་ཁ་དང་ཆོས་བརྒྱུད་དབྱེ་མེད་ཆོག་བོད་ཀྱི་མང་གཙོ་དབུ་བརྙེས་བའི་བརྒྱུད་རིམ་ངོ་སྤྲོད་དང་སྦྲགས། ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུགས་མ་ཐུབ་པའི་ཐད། བཀའ་ཤག་གིས་སྤྱི་ལྷན་དང་མཉམ་དུ་བཅའ་ཁྲིམས་ཀྱི་ལས་བགོས་གཞིར་བཟུང་བོད་སྤྱི་པའི་རྩ་དོན་དང་། མང་ཚོགས་ཀྱི་བདེ་དོན་ཐོག་ཐུན་མོང་གིས་འབད་བརྩོན་ཞུ་རྒྱུའི་གྲ་སྒྲིག་ཨང་གསར་དང་ཆོད་སེམས་བརྟན་པོ་ཡོད་པ་དང་། བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ཐབས་ཚུལ་གང་ལའང་མཐུན་འགྱུར་རྒྱབ་སྐྱོར་ཞུ་ངེས་ཡིན་པ་གསལ་སྟོན་གནང་སོང་།
གཞན་ཡང་བཀའ་ཤག་གི་གསུང་འཕྲིན་ནང་། མང་གཙོའི་ལམ་ལུགས་ནི། ང་ཚོས་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་མི་ཉམས་རྒྱུན་འཛིན་དང་། ནུས་པ་མཉམ་སྤུངས་ཀྱི་མཐུན་རྐྱེན་རྩ་འགངས་ཆེ་ཤོས་ཤིག་ཡིན་པ་མ་ཟད། མ་འོངས་བོད་ལ་རང་དབང་གི་ཉི་མ་འཆར་བའི་དུས་སྐབས་སུའང་བོད་ཀྱི་སྲིད་འབྱོར་རིག་གསུམ་ཡར་རྒྱས་གོང་སྤེལ་དང་། འཛིན་སྐྱོང་ཚགས་ཚུད་དྲང་བདེན་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་ཅིང་། ད་ལྟའི་ཆར་འཛིན་སྐྱོང་གི་ངོས་ནས་ལས་དོན་བྱེད་སྒོ་ཁག་འཐུས་ཤོར་མེད་པར་སྒྲུབ་མུས་ཡིན་ནའང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུགས་མ་ཐུབ་པར་བརྟེན། གྲོས་ཚོགས་ཀྱི་ཁྲིམས་བཟོའི་ལས་འགན་སོགས་མང་པོ་ཞིག་འགག་ཡོད་པ་གསལ་སྟོན་གནང་བ་དང་སྦྲགས། རྒྱ་ནག་གི་གནས་སྟངས་དང་རྒྱལ་སྤྱིའི་འགྱུར་འགྲོས་ལ་སོགས་བལྟོས་ལས་དོན་རྩོམ་པའི་གོ་སྐབས་མང་དག་ཅིག་ཤོར་བཞིན་པ་དང་། རྒྱ་ནག་གཞུང་གི་ཕྱོགས་ནས་གནད་དོན་དེ་བེད་སྤྱོད་ལོག་པར་བཏང་སྟེ་བོད་ནང་གནས་ཚུལ་རྫུན་སྒྲོག་དང་། བཙན་བྱོལ་ནང་དབྱེན་དཀྲུག རྒྱལ་སྤྱིའི་ཐོག་བེད་སྤྱོད་ལོག་པར་གཏོང་བཞིན་པའི་གནས་ཚུལ་ཇི་སྙེད་ཅིག་བཀའ་ཤག་ལ་སྙན་གསན་ཞུ་མཁན་བྱུང་བ་དང་། དེའི་ཐོག་རང་ཅག་ལ་མཛའ་སེམས་འཆང་མཁན་གྱི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་སེམས་འཚབ་དང་བློ་གཡེང་བྱེད་བཞིན་འདུག་ཅིང་། བོད་ནང་ནས་ཀྱང་དཀའ་རྙོག་དེ་འཕྲལ་དུ་སེལ་མ་ཐུབ་ཚེ་རྩ་དོན་ལས་འགུལ་སྤེལ་མཚམས་འཇོག་རྒྱུ་ཡིན་ལུགས་ཀྱི་བརྡ་ལན་བཏང་འབྱོར་བྱུང་བས། སྤྱི་འཐུས་ལྷན་ཚོགས་ཀྱི་དཀའ་རྙོག་དེ་ད་ཆ་བོད་ཀྱི་ལོ་རྒྱུས་དང་མི་རིགས་ལ་འགན་ཁུར་པའི་ཐོག་ནས་བསམ་ཞིབ་གདམ་ག་མ་ནོར་བ་གནང་དགོས་པའི་དུས་ལ་བབས་ཡོད་པའི་ནན་སྐུལ་གནང་སོང་།
དེ་མིན་ཡང་སྲིད་སྐྱོང་མཆོག་ནས་ལོ་འདིའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་གྱི་སློབ་ཕྲུག་ཚོར་ཕྱག་ཁྱེར་ཕུལ་བ་དང་། འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བརྒྱ་ཆ་༩༥་ཡན་ལོན་པའི་སློབ་ཕྲུག་ཚོར་སྲིད་སྐྱོང་གཟེངས་རྟགས་ཕུལ་བ། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་རིག་ཚན་གསུམ་གྱི་རྩེ་ཕུད་སློབ་ཕྲུག་ཚོར། དགའ་ལྡན་ཕོ་བྲང་གི་བྱ་དགའ་བཅས་གནང་ཡོད་པ་རེད།
གཞན་ཡང་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གིས་དཔར་འགྲེམ་ཞུས་པ། ༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་(བོད་ཀྱི་ཁྲག་དང་མིག་ཆུའི་ལོ་རྒྱུས་ལ་བརྒྱུས་པའི་རྒྱལ་ལོ་དོན་གྲུབ་ཀྱི་མི་ཚེ་)ཞེས་བ་དབུ་འབྱེད་གནང་ཡོད་པ་དང་། ཡང་ཁྲིམས་ཞིབ་པ་ཆེ་བ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ཧྲིལ་བོ་༢༥་ཡན་འཁོར་མཁན་ཚོར་ལེགས་གསོལ་ཕྱག་འཁྱེར་ཡང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།