བོད་རྒྱ་འབྲེལ་མཐུད་ཀྱི་ལས་འཆར་ཡར་རྒྱས་དང་གོང་འཕེལ་གཏོང་ཐབས་ཀྱི་ཚོགས་འདུ་ཚོགས་འདུག
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པའི་གོ་སྒྲིག་འོག་བོད་རྒྱ་འབྲེལ་མཐུད་ཀྱི་ལས་འཆར་ཡར་རྒྱས་དང་གོང་འཕེལ་གཏོང་ཐབས་ཀྱི་ཚོགས་འདུ་ཚོགས་འདུག
དེ་ཡང་ཕྱི་ཟླ་༡༠པའི་ཚེས་༥ཉིན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པའི་གོ་སྒྲིག་འོག ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གི་མི་སེར་ནུས་སྟོབས་ལས་འགུལ་ཁང་གི་འགན་འཛིན་(Yang Jianli)་ཡིས་སྣེ་ཁྲིད་པའི་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་(Cai Xia)་དང་། (Dr Han Lianchao)་ལགས་ཀྱིས་གཙོས་པའི་ཚོགས་མི་ཁག་དང་ལྷན་དུ། བོད་རྒྱ་འབྲེལ་མཐུད་ཀྱི་ལས་འཆར་ཡར་རྒྱས་དང་གོང་འཕེལ་གཏོང་ཐབས་སུ་ཚོགས་འདུ་ཚོགས་འདུག་ལ། སྐབས་དེར་རྒྱ་ནག་ནང་འཚོགས་འཆར་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྐབས་འགོ་ཁྲིད་འཕོ་འགྱུར་གྱི་གནས་ཚུལ་དང་། དེ་མིན་བརྗོད་གཞི་མང་པོའི་ཐོག་བཀའ་མོལ་བྱུང་ཡོད་འདུག
དེ་ཡང་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་ཐེངས་ཀྱི་ཚོགས་འདུ་དེ་གཙོ་བོ་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་འཆར་ཡར་རྒྱས་དང་གོང་འཕེལ་གཏོང་ཐབས་ཡིན། དེ་དང་མཉམ་དུ་རྒྱ་ནག་ནས་སླེབས་པའི་རྒྱ་རིགས་སློབ་ཕྲུག་ཚོར་འབྲེལ་ལམ་སྙོབས་ཐབས། གཞན་ཆབ་སྲིད་ཀྱི་འགྱུར་བ་དང་བསྟུན་རྒྱ་ནག་ཉམས་ཞིབ་པ་དང་ལྷན་རྒྱ་ནག་གི་གནས་སྟངས་བགྲོ་གླེང་རྒྱུས་ལོན་ཆེད་ཡིན་པ་གསུངས་བྱུང་།
གཞན་ཁོང་གིས་མུ་མཐུད་དུ་གསུངས་ན། ཚོགས་འདུའི་ཐོག་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་དུ་ལག་བསྟར་གནང་མུས་ཡིན་ཡང་། ད་ལྟ་རྒྱ་ནག་གི་འཆར་གཞི་ལྡན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་སྐོར་རྒྱ་ནག་གི་སྲིད་གཞུང་དང་རྒྱལ་སྤྱིའི་ཐོག་ཞུ་གཏུག་གནང་མུས་ཡིན་སྐོར་དང་། དེ་བཞིན་མ་འོངས་པར་བོད་རྒྱའི་གྲོས་མོལ་ཡར་རྒྱས་ཡོང་བར་བོད་རྒྱ་མི་རིགས་གཉིས་བར་འབྲེལ་ལམ་གོང་འཕེལ་གཏོང་ཐབས་སུ། སྐུ་ཚབ་དོན་ཁང་ནས་འབད་བརྩོན་གནང་རྒྱུ་དང་། དེའི་ཐད་རྒྱ་རིགས་ཚོགས་པ་ཁག་གི་ངོས་ནས་རོགས་རམ་ཡོང་བའི་འབོད་སྐུལ་གནང་ཡོད་འདུག ད་དུང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་བསྩལ་བ་ལྟར། བོད་རྒྱ་གཉིས་བར་སྐད་ཆ་བཤད་ནས་མ་གཏོགས་གཞན་ཐབས་ལམ་མེད་པའི་སྐོར་གསུངས་ཡོད་འདུག
སྐབས་དེར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་(Yang Jianli)་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལས། ཁོང་མི་སྒེར་གྱི་མི་ཚེར་ཧ་ཅང་ཕན་རླབས་བྱུང་བ་མ་ཟད། ཚོགས་པའི་ལས་འཆར་ཆེ་ཤོས་ཤིག་སྟེ། མི་རིགས་དང་ཆོས་ལུགས་རིས་མེད་ཀྱི་གཞོན་སྐྱེས་ཚོགས་ཆེན་ལོ་རེ་བཞིན་བསྐོང་ཚོགས་བྱས་པ་དེ་ཡང་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྟེན་ནས་འགོ་འཛུགས་བྱས་པ་ཞིག་དང་། ད་བར་ཚོགས་ཆེན་ཐེངས་༡༦གོ་སྒྲིག་ཞུས་ཟིན་པ་དང་། མ་འོངས་པར་མུ་མཐུད་དུ་བསྐོང་ཚོགས་གནང་རྒྱུ་ཡིན་སྐོར་གསུངས་འདུག
རྒྱ་རིགས་ཉམས་ཞིབ་པ་ཚའེ་ཞྭ་ལགས་ཀྱིས། ཁོང་དེ་སྔ་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སློབ་གྲྭའི་སློབ་དཔོན་གནང་སྐབས། བོད་ཀྱི་གནད་དོན་དང་འབྲེལ་བའི་མཐོང་ཐོས་བྱུང་བའི་གནས་ཚུལ་ཁག་ངོ་སྤྲོད་གནང་བ་དང་། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་གི་ནང་བོད་ཐོག་ལ་བསམ་བློ་གཏོང་ཕྱོགས་གང་འདྲ་ཡོད་མེད་སོགས་ཀྱི་ཐད་ལ་འགྲེལ་བརྗོད་གནང་འདུག
ཡང་ཕྱི་ཚེས་༦ཉིན་འོད་གསལ་གསར་ཁང་དང་ཡོ་རོབ་རང་དབང་རླུང་འཕྲིན་ཁང་ཟུང་འབྲེལ་གྱིས་གོ་སྒྲིག་འོག མ་འོངས་རྒྱ་ནག་གི་ཁ་ཕྱོགས་དང་ཞི་ཅིན་ཕིང་དང་ཚོགས་ཆེན་ཉི་ཤུ་པ་ཞེས་པའི་བརྗོད་གཞི་གཙོ་བོར་བཟུང་ནས་དྲ་རྒྱ་བརྒྱུད་བགྲོ་གླེང་ཚོགས་འདུག་ལ། སྐབས་དེར་རྒྱ་རིགས་མཁས་དབང་དང་མང་གཙོ་དོན་གཉེར་བ་གྲགས་ཅན་གང་མང་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས། ཞི་ཅིན་ཕིང་གིས་འདས་པའི་སྐབས་གཉིས་ཀྱི་སྲིད་འཛིན་གྱི་དུས་ཡུན་རིང་། བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་རྐྱེན་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། བོད་མི་རྣམས་ལ་ཆོས་དད་རང་དབང་དང་། སྐད་ཡིག་དང་རིག་གཞུང་གཅེས་འཛིན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་དཀའ་ངལ་སྔར་ལྷག་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆར་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ནང་། ཏོག་དབྱིབས་རིམས་ནད་རྩ་མེད་ཟེར་བའི་སྲིད་བྱུས་འོག གང་བྱུང་བོད་མི་མང་པོ་ཟུར་བཀག་དང་དམ་དྲག་བྱས་རྐྱེན་བོད་མིའི་ཁྲོད་ནད་ཡམས་སྔར་ལས་ཁྱབ་གདལ་དང་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག
གཞན་ཁོང་གིས་རྒྱ་རིགས་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཁག་གསན་དགོས་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་པར་དུ་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་གོ་ལ་གཅིག་གྱུར་གྱི་དགོངས་གཞིའི་སྐོར་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ངོ་སྤྲོད་གནང་ཡོད་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།