བོད་སློབ་དང་ཨ་རིའི་གཙུག་ལག་སློབ་གྲྭའི་དབར་གན་ཡིག་བཞག
2009.01.01
༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་རིག་ལམ་སློབ་གྲྭ་དང་ཨ་མི་རི་ཀའི་མཱ་ཡ་མི་ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་པོའི་དབར་བོད་གནས་རིག་པ་དང་ཕྱི་ལུགས་ཀྱི་ཤེས་བྱ་བརྗེ་ལེན་གྱི་གན་ཡིག་ཞིག་བཞག་གནང་འདུག དེ་ཡང་རྡ་རམ་ས་ལའི་རིག་ལམ་སློབ་གྲྭ་དང་མཱ་ཡ་མི་གཙུག་ལག་སློབ་གྲྭ་གཉིས་དབར་དེ་སྔ་ནས་འབྲེལ་བ་ཡོད་པ་དང་ད་ལན་ཕྱི་ལོ་གསར་པའི་ཚེས་གཅིག་ཉིན་སློབ་ཕྲུག་བརྗེ་ལེན་གནང་རྒྱུ་གཏན་འཇགས་གན་ཡིག་ཞིག་བཞག་ཐུབ་པ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བསྔགས་བརྗོད་གནང་འདུག ཁ་ས་རྡ་རམ་ས་ལའི་རིག་ལམ་སློབ་གྲྭའི་ཚོགས་ཁང་ནང་གན་ཡིག་བཞག་རྒྱུའི་མཛད་སྒོ་དེ་གནང་ཡོད་པ་དང་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ཕེབས་ཡོད་པ་དང་ཁོང་གིས་མཐོ་སློབ་གཉིས་དབར་ཤེས་བྱ་བརྗེ་ལེན་གྱི་གན་ཡིག་བཞག་ཐུབ་པ་དེ་ནི་རླབས་ཆེན་གྱི་ཐག་གཅོད་ཅིག་ཡིན་སྐོར་བཀའ་གནང་འདུག་ལ་དེ་བཞིན་ཁོང་གིས་ལས་དོན་འདིས་འཛམ་གླིང་སྤྱི་དང་བྱེ་བྲག་ཚང་མར་རླབས་ཆེན་གྱི་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་གི་ཡོད་ཅེས་གསུང་འདུག ཁ་སའི་མཛད་སྒོ་དེ་ཐོག་བཙན་བྱོལ་གཞུང་གི་ཤེས་རིག་དང་དྲིིལ་བསྒྲགས་དྲུང་ཆེ་རྣམ་གཉིས་དང་དེ་བཞིན་རྡ་རམ་ས་ལར་ཡོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ལྷན་ཞུགས་གནང་འདུག དེ་བཞིན་མཱ་ཡ་མི་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་སྐད་ཡིག་སྡེ་ཚན་འགན་འཛིན་དང་སློབ་དཔོན་ཁག་ཅིག་ཆེད་གནང་ཡོད་འདུག སྤྱིར་བཏང་མཱ་ཡ་མི་གཙུག་ལག་སློབ་གྲྭ་ཆེན་པོ་དེར་སློབ་དཔོན་དང་ལས་བྱེད་ཁྱོན་བསྡོམས་ནས་སྟོང་ཕྲག་བརྒྱད་ཙམ་ཡོད་པ་དང་དེ་བཞིན་སློབ་ཕྲུག་ཉི་ཁྲི་ཆིག་སྟོང་ཙམ་ཡོད་པ་རེད།