ཨོསི་ཊརེ་ལི་ཡའི་ནང་གི་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་མཉམ་དུ་རིག་གཞུང་འདུ་འཛོམས་གནང་འདུག
དེ་ཡང་ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཕྱི་ཟླ་གཉིས་པའི་ཚེས་༢༦ཉིན་ཨོསི་ཊརེ་ལི་ཡའི་གྲོང་ཁྱེར་(Sydney)་ནང་གི་(Dee Why)་ས་གནས་སུ། བོད་མིའི་གཟའ་མཇུག་སློབ་གྲྭ་ཁག་ནང་ཁུལ་རིག་གཞུང་འཁྲབ་སྟོན་གྱི་འདུ་འཛོམས་ཐེངས་དང་པོ་གནང་ཡོད་པའི་ནང་། ཨོསི་ཊརེ་ལི་ཡའི་(Australia)་ས་གནས་(Newcastle)་དང་། (Canberra) (Sydney) (Nowra) (Melbourne) (Campbell town)་བཅས་ས་གནས་ཁག་དྲུག་གི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་མ་བརྒྱ་ལྷག་མཉམ་ཞུགས་ཀྱིས་སློབ་མ་ཚོས། བོད་ཀྱི་རིག་གཞུང་ཞབས་བྲོ་དང་། མཉམ་གཞས། རྐྱང་གཞས་བཅས་སྡེ་ཚན་གསུམ་གྱི་ཐོག་ནས་བོད་མིའི་རིག་གཞུང་འཁྲབ་སྟོན་གནང་ཡོད་པ་རེད།
ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས། བོད་ཀྱི་རིག་གཞུང་གི་འདུ་འཛོམས་དེ་ནི་བོད་ཕྲུག་ཚོའི་རྣམ་སྤྱོད་དང་རྩལ་རྣམས་བཏོན་རྒྱུའི་སྡིངས་ཆ་ཞིག་དང་གོ་སྐབས་བསྐྲུན་ཡོད་པས། བོད་ཕྲུག་ཚོའི་ཕ་མ་རྣམས་ནས་ཀྱང་སོ་སོའི་བུ་ཕྲུག་ཚོར་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་དང་། སྐུལ་འདེད། སེམས་ཤུགས་སྤེལ་བའི་ཕྱག་ལས་ལ་བསྔགས་བརྗོད་གནང་ནས། གཟའ་མཇུག་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་མ་འོངས་པའི་བོད་ཀྱི་མི་རབས་གསར་པ་ཚོར་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སློབ་ཁྲིད་གནང་བའི་དྭང་བླངས་ཀྱི་ཕྱག་ལས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད་འདུག
སྐབས་དེར་ཨོསི་ཊརེ་ལི་ཡའི་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། རིག་གཞུང་འདུ་འཛོམས་ཐོག་མཉམ་ཞུགས་གནང་མཁན་དང་དེར་རྒྱབ་སྐྱོར་གནང་མཁན་རྣམས་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་ཇུས་དང་མཐུན་པའི་ཕྱག་ལས་གནང་མཁན་ཡིན་པའི་སྐོར་དང་། ལྷག་དོན་རིག་གཞུང་འདུ་འཛོམས་དེ་ཡིས་རྒྱ་ནག་གཞུང་ལ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་དང་། བོད་ཀྱི་རིག་གཞུང་དང་ངོ་བོ་མི་ཉམས་རྒྱུན་གནས་ཡོད་པའི་གོ་བརྡ་བཏང་བ་ཞིག་ཡིན་པའི་སྐོར་གསུངས་ཡོད་པ་རེད་འདུག
བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་མཉམ་ཞུགས་གནང་མཁན་ཚོར་ལག་འཁྱེར་གནང་བ་དང་། འདུ་འཛོམས་དེའི་ཐོག་ལ་ཨོསི་ཊརེ་ལི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་། གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་དགེ་རྒན་དང་ཕ་མ་མང་པོ་མཉམ་ཞུགས་གནང་ཡོད་པ་ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།