ཐེ་ཝན་ནང་འཚོགས་པའི་༢༠༢༤་ལོའི་ཤར་ཨེ་ཤེ་ཡ་མང་གཙོའི་ལྷན་ཚོགས་སུ་བོད་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག

ཟླ་འདིའི་ཚེས་༡༦ ཉིན་ཐེ་ཝན་མང་གཙོ་ཐེབས་རྩ་ལས་ཁུངས་ནས་ཐེ་པེ་ཧུ་ཧྭ་མགྲོན་ཁང་དུ་ཕྱི་ལོ་༢༠༢༤ལོའི་ཤར་ཨེ་ཤེ་ཡ་མང་གཙོའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད་པ་དེའི་ཐོག ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་ལྷན་ཞུགས་ཀྱིས། ལྷན་ཚོགས་སུ་མཉམ་ཞུགས་གནང་མཁན་ཐེ་ཝན་གྲོས་ཚོགས་རྒྱལ་སྤྱིའི་གནད་དོན་གྱི་འགན་འཛིན་གཙོས་པའི་གྲོས་ཚོགས་ཚོགས་གཙོའི་ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན། གཞན་མཁས་དབང་རྣམ་པར་མཇལ་འཕྲད་ཞུས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་བོད་དོན་དང་འབྲེལ་བའི་གནད་དོན་ཁག་ཅིག་འགྲེལ་བརྗོད་ཞུས་ཡོད་པ་དང་། དེ་རྗེས་ཐེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་གསར་པ་ལྕམ་སྐུ་(Dachi Liao)་ལགས་དང་། འགན་འཛིན་གཞོན་པ་སྐུ་ཞབས་(Yeh – Chung Lu)་ལགས་གཉིས་ལ་དམིགས་བསལ་གྱི་མཇལ་འཕྲད་ཀྱིས། ཐེབས་རྩའི་ངོས་ནས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ལ་ད་བར་མཐུན་འགྱུར་རམ་འདེགས་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་མཉམ་མུ་མཐུད་དུ་མཐུན་འགྱུར་རམ་འདེགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག
ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ (Han Kuo-Yu)་ལགས་ཀྱིས་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་དབུ་འབྱེད་གཏམ་བཤད་གནང་རྗེས། རིམ་པས་ཚོགས་འདུའི་ཐོག་གདན་ཞུས་གནང་བའི་མཁས་དབང་རྣམ་པས་རང་རང་གི་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་དེའི་ཁྲོད། གཏམ་བཤད་པ་མང་པོས་སྲིད་དབང་སྒེར་འཛིན་ལམ་ལུགས་པ་ཚོས་བཙན་ཤེད་ཀྱི་དབང་ཆ་བེད་སྤྱོད་གཏོང་སྐབས་ཆ་མི་སྙོམས་པའི་གནས་སྟངས་འབྱུང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད་འདུག
ཤར་ཨེ་ཤེ་ཡའི་ལྷན་ཚོགས་དེ་བཞིན་ལོ་ལྟར་ཚོགས་ཀྱི་ཡོད་ཅིང་། འདི་ལོའི་ཤར་ཨེ་ཤེ་ཡ་མང་གཙོའི་ལྷན་ཚོགས་ཀྱི་བརྗོད་གཞི་གཅོ་བོ་ནི། སྲིད་དབང་སྒེར་འཛིན་པ་ཚོས་གནས་ཚུལ་ལ་ཁ་ལོ་བསྒྱུར་བ་དང་འཇིགས་སྐུལ་ལྟ་བུའི་ཐབས་བྱུས་བརྒྱུད་མང་གཙོ་གཏོར་བརླག་གཏོང་རྒྱུའི་འབད་བརྩོན་དང་གནོན་ཤུགས་ཇེ་མང་དུ་འགྲོ་བཞིན་པ་ལ། མང་གཙོ་ཅན་གྱི་རྒྱལ་ཁབ་ཡོངས་ནས་མཉམ་རུབ་ཀྱིས་གདོང་ལེན་དང་སོར་ཆུད་ཀྱི་ནུས་པ་སྲ་བརྟན་གཏོང་རྒྱུའི་དམིགས་ཡུལ་འཛིན་དགོས་པའི་སྐོར་ཡིན་པ་རེད།
ཐེ་ཝན་མང་གཙོ་ཐེབས་རྩ་ཚོགས་པ་དེ་བཞིན་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་རྣམ་གཉིས་ཀྱི་ལམ་སྟོན་སྟངས་འཛིན་འོག་འཛིན་སྐྱོང་བྱེད་བཞིན་པའི་ཐེབས་རྩ་ལས་ཁུངས་གལ་འགངས་ཅན་ཞིག་ཆགས་ཀྱི་ཡོད་པ་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།