ཕྱི་དྲིལ་བཀའ་བློན་མཆོག་གིས་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་ཀྱི་ཚོགས་གཙོར་མཇལ་མོལ་གནང་འདུག

2023.03.29

ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཐེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ནས། འདི་ཚེས་༢༨ཉིན་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་(Jaushieh Joseph Wu)་དང་མཇལ་འཕྲད་ཀྱིས། ཐེ་ཝན་དང་བོད་གཉིས་ཀྱི་འབྲེལ་ལམ་སྐོར་དང་། རྒྱལ་སྤྱིའི་སྟེང་ཐེ་ཝན་དང་བོད་གཉིས་ཐུན་མོང་གི་ཐོག་ནས་མང་གཙོ་དང་རང་དབང་བཅས་ཀྱི་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱུ་ལ་སོགས་པའི་གནད་དོན་མང་དག་ཅིག་གི་ཐོག་གླེང་སློང་གནང་ཡོད་འདུག
དེའི་ཐད་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ན། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ཐེ་ཝན་དུ་དངོས་སུ་ཕེབས་སྐབས། ཐེ་ཝན་གཞུང་ཕྱོགས་ནས་དེར་བརྩི་འཇོག་ཆེན་པོ་གནང་བཞིན་པ་དང་། འདི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་ཀྱང་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་ཅེས་དང་། ད་རེས་བློན་ཆེན་གཉིས་ཀྱི་སྐར་མ་༤༠ཙམ་གྱི་མཇལ་འཕྲད་སྐབས། སྤྱི་ཡོངས་ནས་ཐེ་ཝན་དང་བོད་གཉིས་ཀྱི་གནས་སྟངས་སྐོར་དང་། ལྷག་པར་དུ་ཐེ་ཝན་ནང་གི་གནས་སྡོད་བོད་མི་ཚོའི་དཀའ་ངལ་སེལ་ཐབས་སོགས་ཀྱི་ཐད་བཀའ་མོལ་བྱུང་ཡོད་པ་ངོ་སྤྲོད་གནང་བྱུང་།

338184551_1241397293144858_7468030551232896863_n.jpg
ད་དུང་མཇལ་འཕྲད་སྐབས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་པ་རྣམས་གསལ་སྟོན་གནང་འདུག་ཅིང་། ལྷག་དོན་དུ་ཐེ་ཝན་གཞུང་གི་ངོས་ནས་བོད་མི་ཚོ་ཐེ་ཝན་དུ་བསྐྱོད་རྒྱུར་མཐོང་མཆན་སྤྲོད་དགོས་པ་ཕྱི་སྲིད་བློན་ཆེན་མཆོག་ལ་འབོད་སྐུལ་ཞུས་པར་ཐེ་ཝན་ཕྱི་སྲིད་བློན་ཆེན་མཆོག་གིས། གནད་དོན་དེ་སེལ་ཐབས་གནང་རྒྱུ་ཡིན་པ་ཞལ་བཞེས་གནང་འདུག་པ་མ་ཟད། ད་དུང་ཡོ་རོབ་ཏུ་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཁང་དང་བོད་ཀྱི་སྐུ་ཚབ་དོན་གཅོད་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་དགོས་པ་དགོངས་ཚུལ་གསུངས་བ་སྦྲགས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁོང་གིས་ཧ་ཅང་གི་དད་མོས་བྱེད་ཡུལ་གྱི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
ཐེངས་འདིའི་བློན་ཆེན་རྣམ་གཉིས་མཇལ་འཕྲད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་བཅས་ལྷན་བཅར་ཞུས་འདུག

338971542_705732658016533_4064392174556101905_n.jpg
ད་དུང་སྤྱི་ཚེས་༢༩ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་མཆོག་གིས། ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཇལ་འཕྲད་ཀྱིས། བོད་དོན་གླེང་སློང་གནང་འདུག་པ་མ་ཟད། ཐེ་ཝན་མང་གཙོ་ཐེབས་རྩའི་གཙོ་འཛིན་དང་། ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཐེ་ཝན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་ཡོད་འདུག
བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་སྤྱི་ཟླ་༤པའི་ཚེས་༢བར་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས། ཁུལ་དེའི་གཞུང་དང་ཚོགས་སྒེར་སོགས་བོད་དོན་རྒྱབ་སྐྱོར་བ་དང་ཤེས་ཡོན་པ། བོད་མི་་སོགས་དང་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎