བྲག་འགོའི་རྒྱ་ནག་གི་ཉེན་རྟོག་པས་བྲག་གཡབ་རྫོང་གི་བོད་མི་གསུམ་འཛིན་བཟུང་བྱས་འདུག

2022.02.01
བྲག་འགོའི་རྒྱ་ནག་གི་ཉེན་རྟོག་པས་བྲག་གཡབ་རྫོང་གི་བོད་མི་གསུམ་འཛིན་བཟུང་བྱས་འདུག བྲག་གཡབ་ཕྱོགས་ཀྱི་ས་ཁྲ།
སྒྲིག་བཟོ། /google

ཕྱི་ཟླ་༡་ཚེས་༡༠་ཉིན་ཆབ་མདོ་བྲག་གཡབ་རྫོང་གི་བོད་མི་ཨ་བཟང་དང་རྡོ་ཁྲ། ནོར་མཚོ་བཅས་མི་གསུམ་གསེར་རྟ་བླ་རུང་སྒར་རུ་གནས་སྐོར་དུ་བསྐྱོད་དེ་ཕྱིར་ལོག་སྐབས། བྲག་འགོ་རྫོང་གི་རྒྱ་ནག་གི་ཉེན་རྟོག་པས་ཁོང་ཚོའི་ཁ་པར་ལ་སྔོག་བཤེར་བྱས་ཤིང་། ཁ་པར་ནང་ཆབ་སྲིད་དང་འབྲེལ་བའི་འདྲ་པར་ཉར་ཚགས་བྱས་ཡོད་ཚུལ་གྱིས་འཛིན་བཟུང་བྱས་ཏེ་ཆབ་མདོའི་ཉེན་རྟོག་པར་རྩིས་སྤྲོད་ཀྱིས་ད་ལྟ་ཆབ་མདོ་ཁུལ་གྱི་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་འོག་བཞག་ཡོད་པ་བཙན་བྱོལ་ནང་གི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་བྱུང་།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༡་ཚེས་༡༠་ཉིན་བྲག་གཡབ་རྫོང་གི་བོད་མི་དེ་དག་བྲག་འགོའི་ཉེན་རྟོག་པས་འཇུ་བཟུང་སྐབས། ཁོང་ཚོར་འདྲི་བརྩད་འདྲ་མིན་བྱས་པ་དང་། ཁོང་ཚོའི་ཁ་པར་ནང་གི་སྐད་འཕྲིན་མཉེན་ཆས་ནང་ཁ་སྔོན་བྲག་འགོ་ནས་གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་དང་འབྲེལ་བའི་བརྙན་དང་འདྲ་པར་ཉར་ཚགས་དང་། གནས་ཚུལ་དེ་དག་སོ་སོའི་སྐད་འཕྲིན་རྒྱབ་ལྗོངས་སུ་བཀོད་ཡོད་པ་སོགས་ཆབ་སྲིད་དང་འབྲེལ་བའི་པར་རིས་ཉར་ཚགས་ཡོད་ལུགས་ཉེས་འཛུགས་བྱས་ཏེ་ཁོང་ཚོ་འཛིན་བཟུང་བྱས་ཡོད་འདུག
གཞན་ཡང་སྔ་ལོ་ཕྱི་ལོ་༢༠༢༡་ལོའི་ཕྱི་ཟླ་༩་པའི་ཚེས་༡༨་ལ་བྲག་གཡབ་ནས་བཙུན་མ་བློ་བཟང་མཚོ་མོ་སོགས་བོད་མི་ཁ་ཤས་ཀྱིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ནག་ཉེས་འོག་འཛིན་བཟུང་གིས་བྲག་གཡབ་རྫོང་དུ་བཙོན་འཇུག་བྱས་ནས་ཟླ་བ་གསུམ་ལྷག་བཀག་ཉར་འོག་བཞག་རིང་ཁོང་ཚོར་ཉེས་རྡུང་དྲག་པོ་བཏང་ཡོད་པ་ཡང་བཙན་བྱོལ་ནང་ཡོད་པའི་བོད་མི་ཞིག་གིས་གནས་ཚུལ་འགྲེལ་བརྗོད་གནང་བྱུང་ལ། གནས་ཚུལ་ངོ་སྤྲོད་པ་དེས། བཙུན་མ་བློ་བཟང་མཚོ་མོ་ལ་སོགས་པ་བོད་མི་དེ་དག་རྗེས་སུ་གློད་གྲོལ་བཏང་ཟིན་ནའང་། ཁོང་ཚོ་རྫོང་བརྒལ་ཏེ་ས་ཆ་གཞན་པར་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ནས་དམ་དྲག་འོག་བཞག་ཡོད་འདུག
བྲག་གཡབ་རྫོང་ནི་དེང་གི་ཆར་རྒྱ་ནག་གཞུང་གིས་ཆ བགོས་བྱས་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་མདོ་ས་ཁུལ་གྱི་ཁོངས་གཏོགས་ཤིག་ཡིན་པ་རེད།

གསར་འགོད་པ། ལྕགས་མོ་མཚོ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎